ཀོ་བིཌ་-༡༩ འི་ཉེན་ཅན་ ཚོང་འབྲེལ་ས་ཁོངས་ཚུ་ནང་ ཁྲལ་བསྡུ་ལེན་འབད་བར་ མི་འགྱོ་ནི།

དངུལ་རྩིས་ལྷན་ཁག་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ ཁྲོམ་སྡེ་བཞི་དང་ རྫོང་ཁག་ལྟེ་བའི་ཁྲོམ་ཚུ་གི་ ས་ཁོངས་ཕྱི་ཁར་ཡོད་མི་ ཚོང་ཁང་ཆུང་ཀུ་ཚུ་གི་དོན་ལུ་ ཚོང་འབྲེལ་འབབ་ཁུངས་ཁྲལ་ དགོངས་ཡངས་ཀྱི་ གསལ་བསྒྲགས་འབད་ནུག།

དེ་ཡང་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་བཅའ་ཁྲིམས་༢༠༢༠ ཅན་མ་དང་འཁྲིལ་ཏེ་ གྲོང་གསེབ་ཀྱི་ ཚོང་ཁང་ཆུང་ཀུ་ཚུ་གིས་ སྤྱི་ལོ་༢༠༢༤ ཟླ་༡༢ པའི་ཚེས་༣༡ ཚུན་ འོང་འབབ་ཀྱི་ཁྲལ་ བཏབ་མི་དགོ་ནི་ཨིན་པས།

ཨིན་རུང་ ཁྲལ་དགོངས་ཡངས་ཀྱི་ འོས་འབབ་མེད་མི་ ཐོ་བཀོད་ཅན་གྱི་ ཚོང་འབྲེལ་ཆུང་ཀུ་ཚུ་གིས་ འོང་འབབ་བདག་སྐྱོང་དང་ འཛིན་སྐྱོང་བརྡ་དོན་ལམ་ལུགས་ ར་མིསི་དང་ ལས་ཁུངས་ཀྱི་ཁྲལ་རིམ་ལུགས་ བི་ཏ་ལག་ལེན་འཐབ་ཐོག་ལས་ འབབ་ཁུངས་ཁྲལ་ བཏབ་དགོ་ཟེར་ཨིན་པས།

ལས་ཁུངས་ཀྱིས་འབད་བ་ཅིན་ རིམ་ལུགས་དེ་ཡང་ འཕྲལ་མགྱོགས་ར་ གསར་བཏོན་འབད་འོང་ཟེར་ཨིནམ་ད་ རིམ་ལུགས་དེ་ ཚོང་ཁང་དང་ ཚོང་འབྲེལ་ཆུང་ཀུ་ བཙུགས་སྡོད་མི་དང་ འབབ་ཁུངས་ཀྱི་ཁྲལ་ དགོངས་ཡངས་བཏང་མི་ ཚོང་འབྲེལ་ཆུང་ཀུ་ཚུ་གིས་ཡང་ ཡོངས་འབྲེལ་ཐོག་ལས་ ཁྲལ་གྱི་ཉོགས་མེད་ལག་ཁྱེར་ལེན་ནི་ལུ་ ཁེ་ཕན་སྦོམ་ཡོད་ཟེར་ཨིན་པས།

ད་ལྟོའི་ ནད་ཡམས་ཀྱི་ གནས་སྟངས་དང་ གསོ་བའི་སྒྲིག་གཞི་ དེ་ལས་ ཀོ་བིཌ-༡༩ འི་ ཉེན་ཁ་ཆེ་བའི་ ས་ཁོངས་ཚུ་ནང་ ཧེ་མ་བཟུམ་སྦེ་ ལས་ཁུངས་ཀྱི་ འགོ་དཔོན་ཚུ་ ཚོང་འབྲེལ་ས་ཁོངས་ནང་ ཁྲལ་བསྡུ་ལེན་འབད་བར་ མི་འགྱོ་ནི་ཨིན་པས།

དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༢༠ ལུ་ འོང་འབབ་བཟོ་མ་ཚུགས་མི་ཚུ་ འབབ་ཁུངས་ཀྱི་ ཁྲལ་བཏབ་མི་དགོ་ནི་དང་ ཁྲལ་དེ་ འོང་འབབ་བཟོ་མི་ཚུ་ལུ་རྐྱངམ་གཅིག་ བཀལཝ་ཨིན་ཟེར་ཨིན་པས།

དངུལ་རྩིས་ལྷན་ཁག་དང་འཁྲིལཝ་ད་ ད་རེས་ རྒྱལ་ཁབ་ནང་ ཚོང་འབྲེལ་ཆུང་ཀུ་བཙུགས་སྡོད་མི་༢༣,༠༠༠ གིས་ ཐོ་བཀོད་འབད་དེ་ཡོད་མི་ལས་༡༢,༤༠༠ གྲོང་གསེབ་ནང་ ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༩ ལུ་ གྲོང་གསེབ་ཀྱི་ ཚོང་ལཱ་ཆུང་བ་ཚུ་ལུ་ གཞུང་གིས་ ཁྲལ་དགོངས་ཡངས་བཏང་མི་གིས་ གཞུང་གི་སྤྱི་མཛོད་ལུ་ དངུལ་ཀྲམ་ས་ཡ་༣༢ དེ་ཅིག་ གྱོང་རྒུད་ཕོག་ཡོདཔ་ཨིན་པས།

ཨིན་རུང་ ཁྲལ་དགོངས་ཡངས་ གསལ་བསྒྲགས་དེ་ ལྟ་བཤལ་དང་ བཟོ་སྐྲུན་ མི་མང་སྐྱེལ་འདྲེན་ གྲོས་སྟོན་པ་ དེ་ལས་ གླ་ཁར་ལེན་མི་ ཚོང་འབྲེལ་ལ་སོགས་པ་ཚུ་ལུ་ བསྟར་སྤྱོད་མི་འབད་ནི་ཨིན་པས།

དེ་མ་ཚད་ འབབ་ཁུངས་ཁྲལ་དགོངས་ཡངས་དེ་ གློག་ཐག་དང་ བྱེམ་ རྡོ་ རྡོ་རུག་ ས་གཏེར་དང་རྡོ་གཏེར་ དེ་ལས་ ཤིང་དྲ་ཁང་ཚུ་ལུ་ ངོས་ལེན་མི་འབད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།TAX Table་PDF

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *