ཀོ་བིཌ་-༡༩ ཐོབ་ཉེན་ཡོད་མི་ ས་ཁོངས་ཚུ་ནང་ ཟུར་བཞག་མཐུན་རྐྱེན་ལྟེ་བ་རྐྱབ་ནི།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་དང་འཁྲིལ་ཏེ་ གཞུང་གིས་ ཀོ་བིཌ་-༡༩ ཐོབ་ཉེན་ཡོད་པའི་ ས་ཁོངས་ཚུ་ནང་ ལོགས་སུ་སྦེ་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ཚུ་ རྐྱབ་ནི་ཨིན་པས།

ཁ་ཙ་ ཡོངས་འབྲེལ་ཐོག་ལས་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཀྱི་བར་ན་ ཟླ་རིམ་གནས་ཚུལ་ ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཕུན་ཚོགས་གླིང་ལུ་ ཉལ་ཁྲི་༤༠༠ དང་ དགེ་ལེགས་ཕུག་ བསམ་རྩེ་ དེ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཉལ་ཁྲི་༢༠༠ རེ་ རྐྱབ་ནི་ཨིནམ་བཞིན་དུ་ ད་རེས་ བསམ་རྩེ་ལུ་ ཉལ་ཁྲི་༢༠༠ ཡོད་མི་དེ་བརྩིས་ཏེ་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ཚུ་ནང་ ཉལ་ཁྲི་བསྡོམས་༡,༢༠༠ དེ་ཅིག་ འོང་ནི་ཟེར་གསུངས་ཡི། 

ལྟེ་བ་ཚུ་ གནས་ཚད་ཅན་ཅིག་སྦེ་ འོང་ནི་ཨིན་མི་དེ་ཡང་ བཟའ་ཚང་དང་ སྡེ་ཚན་ དེ་ལས་ ངོ་རྐྱང་སྦེ་ སྡོད་བཏུབ་པའི་ ཁང་མིག་ཚུ་ རྐྱབ་ནི་ཨིནམ་ད་ སྔོན་སྒྲིག་ཁྱིམ་བཟོའི་ ཅ་ཆས་ཚུ་ ལག་ལེན་ཐོག་ལས་ སྒོ་ཡངས་ཏོག་ཏོ་དང་ སྤྱིར་བཏང་ལྟོ་ཟ་སར་གྱི་ མཐུན་རྐྱེན་ཚུ་ཡོདཔ་སྦེ་ བཟོ་སྐྲུན་འབད་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ མཐུན་རྐྱེན་ལྟེ་བ་ཚུ་གིས་ ད་རེས་ ཉེ་ཁ་ཆེ་བ་ལས་ ས་ཁོངས་ལས་ ཉེན་ཁ་ཆུང་བའི་ ས་གནས་ནང་འོང་མི་དང་ ཕྱི་རྒྱལ་ལས་ འབྲུག་མི་དང་ ཕྱི་མི་ཚུ་འོངམ་ད་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ མ་ལང་པའི་ དཀའ་ངལ་ཐོན་མི་ཚུ་ དེ་འཕྲོ་ལས་ སེལ་ཐབས་འབད་ཚུགས་ནི་མས་ཟེར་ཨིན་པས།

ད་རེས་ དཔལ་འབྱོར་ལུ་ སྟབས་མ་བདེཝ་ སྦོམ་ཤོས་དེ་ར་ གློག་མེ་ལས་འགུལ་དང་ སྒེར་སྡེ་ དེ་ལས་ ལས་འགུལ་ཚུ་ནང་ ལས་མི་མ་ལང་པའི་ དཀའ་ངལ་ཐོན་ཏེ་ཡོདཔ་ལས་ ལས་མི་ནང་འདྲེན་འབད་ནི་ལུ་ཡང་ ལྷན་ཐབས་འབྱུང་ཚུགས་ཟེར་ བློན་ཆེན་གྱིས་ གསུངས་ཡི།

བློན་ཆེན་གྱིས་ གསུངས་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལས་གཡོག་ལྷན་ཁག་ལུ་ ཕྱིའི་ལས་མི་འཛིན་སྐྱོང་ བལྟ་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་ཐོག་ལས་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།

ཟུར་བཞག་ལྟེ་བ་རྐྱབ་ནིའི་ལཱ་ཚུ་ ལྷོ་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ འཐུས་མི་ཡང་ཨིན་མི་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་གྱིས་ འགོ་འདྲེན་འཐབ་ནི་ཨིནམ་ད་ ལས་འགུལ་ལས་བྱེད་ཚོགས་ཆུང་དང་ ཞབས་ཏོག་ལྷན་ཁག་ལུ་ ཁྱིམ་བཟོའི་ཐབས་རིག་སྡེ་ཚན་ དེ་ལས་ ལས་འགུལ་ལག་ལེན་འཐབ་མི་ སྡེ་ཚན་ཚུ་ཡང་ཡོད་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ ད་རེས་ཀྱི་ བདུན་ཕྲག་ནང་ ཟུར་བཞག་ལྟེ་བའི་ ས་ཁྲ་ཚུ་ མཇུག་བསྡུ་བའི་ཤུལ་ལས་ མ་དངུལ་འཛིན་གྲོལ་འབད་ནི་ཨིནམ་ད་ ལྟེ་བ་ཚུ་ ག་ཏེ་རྐྱབ་ནི་ཨིན་ན་ ས་ཁོངས་ཚུ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གཟིགས་ཞིབ་གནང་ཐོག་ལས་ གནང་བ་གྲུབ་ཅི་ཟེར་ཨིན་པས།

ད་རེས་ནངས་པ་ ཟུར་བཞག་མཐུན་རྐྱེན་ལྟེ་བ་སྦེ་ ཟ་ཁང་ཚུ་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།

མཐུན་རྐྱེན་ཚུ་ རྐྱབ་ཚར་བའི་ཤུལ་ལས་ གལ་སྲིད་ འགྲུལ་སྐྱོད་འབད་མི་ ལེ་ཤ་ཡོད་པ་ཅིན་ ཟ་ཁང་གི་ ཟུར་བཞག་ལྟེ་བ་ཚུ་ནང་ འཕྲོ་མཐུད་དེ་ར་ བཞག་ནི་ཨིན་རུང་ མི་ཚུ་ ཤོང་ཚུགས་པ་ཅིན་ ཟ་ཁང་ལ་ལོ་ཅིག་ ཟུར་བཞག་ལྟེ་བ་ལས་ བཤོལ་བཞག་དགོང་ཟེར་ བློན་ཆེན་གྱིས་ གསུངས་ཡི། 

གཞུང་གིས་ སྤྱིར་བཏང་ཟ་ཁང་གི་ ཉལ་ཁྲི་༡ རེ་ལུ་ དངུལ་ཀྲམ་༧༠༠ དང་ ཐི་རི་ཨིསི་ཊརདང་ ཕོར་ཨིསི་ཊཱར་ཟ་ཁང་གི་ ཁང་མིག་རེ་ལུ་ དངུལ་ཀྲམ་༨༥༠ རེ་ སྤྲོད་དོ་ཡོདཔ་ད་ ད་ལྟོ་ཚུན་ འབྲུག་ལུ་ ཟུར་བཞག་མཐུན་རྐྱེན་ལྟེ་བ་༣༠༢ ཚུ་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༧༠༠ བཏང་ཡོདཔ་ཨིན་པས།

བློན་ཆེན་གྱིས་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ཚུ་ ག་གིས་ འཛིན་སྐྱོང་འཐབ་ནི་ཨིན་ན་ ད་ལྟོ་ མཁས་མཆོག་ཚུ་གིས་ གསུང་གྲོས་གནང་པའི་བསྒང་ཟེར་གསུངས་ཡི། 

ད་ལྟོ་ ཀོ་བིཌ་-༡༩ ལུ་ གདོང་ལེན་འབད་དོ་ཡོདཔ་ད་ ཤུལ་ལས་ ནད་ཡམས་དེ་ ནམ་འོང་ནི་ཨིན་ན་ མ་ཤེསཔ་ལས་ གྲ་སྒྲིག་ཨིནམ་ད་ འབུ་ནད་ག་ཅི་ར་ཨིན་རུང་ ཟུར་བཞག་ལྟེ་བ་དགོཔ་ ངེས་བརྟན་ཨིནམ་ལས་ ཡུན་བརྟན་གྱི་ འཆར་གཞི་ཅིག་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ནད་ཡམས་ཀྱི་ཤུལ་ལས་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ཚུ་ནང་ ཉལ་ཁྲི་སྟོང་ཕྲག་སྦེ་ མི་དགོ་པའི་ཁར་ འཛུལ་སྒོའི་ས་ཁོངས་ཚུ་ནང་ མཐུན་རྐྱེན་ལྟེ་བ་དག་པ་ཅིག་ལས་བརྒལ་ མི་དགོ་ནི་མས་ཟེར་ཨིནམ་ད་ མཁས་མཆོག་ཚུ་གིས་ ལྟེ་བ་ལ་ལོ་ཅིག་ ཁང་གླ་རན་ཏོག་ཏོ་སྦེ་ སྡོད་ཁྱིམ་ལུ་ཡང་ བསྒྱུར་བཅོས་འབད་བཏུབ་པའི་ བཟོ་བཀོད་འབད་ནུག་ཟེར་ཨིན་པས།

ད་རུང་ ཟུར་བཞག་ལྟེ་བ་ཚུ་ དགོཔ་འཐོན་པ་ཅིན་ ལོག་མཐུན་རྐྱེན་ལྟེ་བ་སྦེ་ ལག་ལེན་འཐབ་བཏུབ་ནི་ཨིནམ་ད་ ལ་ལོ་ཅིག་ སྦྱོང་བརྡར་ཁང་སྦེ་ བསྒྱུར་བཅོས་འབད་བཏུབ་ནི་ཨིནམ་ད་ ད་ལྟོ་ ལྟེ་བ་སྦེ་ ལག་ལེན་འཐབ་ཡོད་རུང་ མ་འོངས་པ་ལུ་ ལྟེ་བ་ཚུ་ ལས་དོན་སྣ་ཚོགས་སྦེ་ ལག་ལེན་འཐབ་བཏུབ་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *