ཀོ་བིཌ་-༡༩ ཁྱབ་སྤེལ་འགྱོ་ནིའི་གནོད་ཉེན།

༉ འཛམ་གླིང་རྒྱལ་ཁབ་མང་ཤོས་ཅིག་ནང་ ནད་ཡམས་ཀོ་རོ་ན་བའེ་རཱསི་དེ་ གཙོ་བོ་ར་ མི་མང་སྤུངས་འཛོམས་འབད་ས་ལས་ ཁྱབ་སྤེལ་སོང་ཡོདཔ་བཞིན་དུ་ ད་རེས་ནངས་པར་ རྒྱ་གར་རྒྱལ་ཁབ་ནང་ ནད་ཡམས་དང་འབྲེལ་བའི་ ཚབས་ཆེན་གྱི་ གནས་སྟངས་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ འདས་པའི་ཟླཝ་ནང་ བཙག་འཐུ་འགོ་འདྲེན་འཐབ་མི་དང་ ཀུམ་མེ་ལ་ཟེར་ གཟུགས་ཁར་གྱོན་ཆས་མེད་པར་ སྒྱེན་མོ་སྦེ་ བརྩི་སྲུང་འབད་བའི་ཤུལ་ལུ་ ཀོ་བིཌ་-༡༩ ཁྱབ་སྤེལ་སོང་ནུག་ཟེར་ཨིན་མས།

འདི་བཟུམ་མའི་ བྱུང་རྐྱེན་ཚུ་ལུ་བལྟ་སྟེ་ འབྲུག་ལུ་ མི་སྡེ་ནང་ལས་ ནད་ཡམས་ཁྱབ་སྤེལ་བཀག་ཐབས་ལུ་ མི་མང་སྤུངས་འཛོམས་འབད་ནི་ཚུ་ ག་དེ་དྲག་དྲག་ འཛེམ་ནི་དང་ ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་རུང་ བཅའ་མར་གཏོགས་མིའི་གྱངས་ཁ་ ཚད་གཅིག་ལས་བརྒལ་ མགྲོན་བརྡ་འབད་མ་ཆོག་པའི་ གསོ་བའི་སྒྲིག་གཞི་ཡོད་རུང་ འདས་པའི་བདུན་ཕྲག་ནང་ ཐིམ་ཕུག་ཁྲོམ་སྡེ་དང་ ཤེས་རིག་ལྷན་ཁག་གིས་ ཀོ་བིཌ་-༡༩ འི་གནོད་ཉེན་དེ་ རྒྱབ་སྐྱུར་འབད་བའི་ མངོན་གསལ་བྱུང་ཡི།

དེ་ཡང་ ཐིམ་ཕུག་ཁྲོམ་སྡེ་འོག་ལུ་ཡོད་མི་ གཞུང་གི་སློབ་གྲྭ་ཆེ་བ་༤ ནང་  སློབ་རིམ་༡༡ པའི་ སློབ་ཕྲུག་ཚུ་ འཛུལ་ཞུགས་ཀྱི་ ཐོ་བཀོད་འབད་བའི་སྐབས་ སློབ་ཕྲུག་དང་ ཕམ་༡,༠༠༠ ལྷགཔ་ཅིག་ བར་སྦིས་ས་འབྲིང་རིམ་སློབ་གྲྭ་གོང་མའི་ ས་ཁོངས་ནང་ སྤུངས་འཛོམས་འབད་མི་ལུ་བལྟ་སྟེ་ མི་ཚུ་ ཁོང་ཁྲོ་ལང་ཡོདཔ་མ་ཚད་ འཐུས་ཤོར་བྱུང་མི་ཚུ་ལུ་ འགན་འཁྲི་བཀལ་དགོ་པའི་ བློ་འདོད་ཡང་བཀོད་ནུག།

མི་ཚུ་གིས་ དྲི་བ་དང་པ་ར་ འཕྲུལ་རིག་གོང་འཕེལ་གྱི་ དུས་བསྐལ་ནང་ སློབ་ཕྲུག་དང་ཕམ་ཚུ་ འཛུལ་ཞུགས་ཀྱི་ ཐོ་བཀོད་འབད་བར་ ལཱ་ཁག་སྦེ་ ས་གོ་ནང་འགྱོ་དགོཔ་ ཡོདཔ་ཨིན་ན་ཟེར་ བཀོད་དོ་ཡོདཔ་ད་ དེ་གི་ནང་དོན་ཉིད་ལས་ སློབ་ཕྲུག་ཚུ་ གཞུང་གི་འབྲིང་རིམ་སློབ་གྲྭ་གོང་མ་ཚུ་ནང་ བགོ་བཀྲམ་འབད་ཚར་ནུག།

ད་རེས་ནངས་པར་ སློབ་སྟོན་འབད་ནི་ལས་འགོ་བཟུང་ དངུལ་ཁང་ནང་ འབྲི་ཤོག་བཀང་ནི་དང་ ཉོགས་མེད་ལག་ཁྱེར་ལེན་ནི་ཚུ་ བརྡ་དོན་ཡོངས་འབྲེལ་ཐོག་ལས་འབད་བའི་ ནམ་དུས་ལུ་ སློབ་ཕྲུག་དང་ ཕམ་ཚུ་ འབྲི་ཤོག་བཀང་ནིའི་དོན་ལས་ སློབ་གྲྭ་ནང་ འབོ་མི་དེ་ འོས་ཁུངས་ཅིག་ མ་མཐོང་མི་དེ་ཡང་ འབྲི་ཤོག་བཀང་ནི་དང་ བརྡ་དོན་ཁ་གསལ་བཀོད་ནི་ཚུ་ སློབ་གྲྭ་འགོ་བཙུགས་པའི་ཤུལ་ལུ་ འབད་དགོཔ་ཅིག་ཨིན་མས།

བྱ་རིམ་ཆུང་ཀུའི་དོན་ལུ་ ཨ་ལོ་དང་ ཕམ་གཉིས་ཆ་ར་ སློབ་གྲྭ་ནང་ འབོ་ཡོདཔ་ལས་ མི་སྟོང་ཕྲག་སྦེ་ སྤུངས་འཛོམས་འབད་བའི་སྐབས་ གཅིག་གིས་གཅིག་གི་བར་ན་ ས་སྟོང་མེད་པའི་ཁར་ ལགཔ་ཆུ་འཁྱུ་ནིའི་ མཐུན་རྐྱེན་ཡང་མེད་པའི་ཁར་ ཁ་རས་ལག་ལེན་འཐབ་མི་ཡང་མེདཔ་ལས་ དེ་ཁར་སོང་མི་ ཕམ་མང་ཤོས་ཅིག་ལུ་ དབུགས་འགམ་དགོཔ་བྱུང་ནུག།

ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ མི་མང་ཧད་རྫོགས་ཅིག་ སྤུངས་འཛོམས་འབད་མི་དེ་ཡང་ ཨ་ལོ་ཚུ་དང་གཅིག་ཁར་ ཕམ་ཚུ་འོང་ནུག་ཟེར་ཨིནམ་ད་ ཤེས་རིག་ཁ་ཐུག་ལས་ དེ་བསྒང་ ཀོ་བིཌ་-༡༩འི་སྒྲིག་གཞི་ཚུ་ དམ་དམ་སྦེ་ར་ ལག་ལེན་འཐབ་ཅི་ཟེར་ སླབ་ཨིན་རུང་ ཧད་འཕུལ་ནི་དེ་ ང་བཅས་རའི་ ལམ་ལུགས་ནང་ ལམ་སྲོལ་བཟུམ་ཅིག་ལུ་གྱུར་ཡོད།

བར་སྦིས་ས་ལུ་ མི་འཛོམས་འདུ་རུག་རུ་འབད་མི་ལས་ ད་རིས་ མི་༡ ལུ་ ཀོ་བིཌ་-༡༩ ནད་ཡམས་ཐོབ་པ་ཅིན་ དེ་ཁར་སྟོང་ཕྲག་སྦེ་ འཛོམས་མི་ཚུ་ལུ་ཡང་ ནད་འབུབ་འཐོབ་ཉེན་ཡོདཔ་བཞིན་དུ་ དེ་བསྒང་ལས་ སྨན་ཁང་ནང་ ནདཔ་མ་ཤོང་པའི་ དཀའ་ངལ་དང་ ཤི་རྐྱེན་འབྱུང་མི་ཡང་ མང་སུ་འཐོན་འོང།

ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་ལུ་ ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་ ཉིན་བསྟར་བཞིན་དུ་ ཧ་ལམ་ འབུམ་༤ དེ་རེ་ ཐོན་དོ་ཡོདཔ་མ་ཚད་ ནད་ཡམས་འབུ་ཐངས་ཀྱི་ ཁྱད་ཆོས་གསརཔ་ ཐོན་མི་དེ་གིས་ མགྱོགས་དྲགས་སྦེ་ ཁྱབ་སྤེལ་འགྱོ་དོ་ཡོདཔ་ལས་ ང་བཅས་ཀྱིས་ གསོ་བའི་སྒྲིག་གཞི་ཚུ་ལུ་ བརྩི་མཐོང་མ་བསྐྱེད་པར་ མི་སྤུངས་འཛོམས་འབད་བ་ཅིན་ འབྲུག་རྒྱལ་ཁབ་ནང་ཡང་ ནད་ཡམས་དང་འབྲེལ་བའི་ གནས་སྟངས་སྐྱོ་དྲགས་སྦེ་ འགྱོ་ནི་གི་ ཉེན་ཁ་ཡོད།

དེ་འབདཝ་ལས་ ཁྲོམ་སྡེ་དང་ ཤེས་རིག་གི་ ཁ་ཐུག་ལས་ འཐུས་ཤོར་བྱུང་མི་དེ་ བཟོད་བསྲན་འབད་མ་ཚུགསཔ་ཅིག་ཨིནམ་ལས་ གསོ་བའི་སྒྲིག་གཞི་དང་འཁྲིལ་ འགན་འཁྲི་བཀལ་དགོཔ་འདུག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *