ཆེ་ན་རི་ལུ་ཡོད་མི་ ཀོ་ཕུ་ཀུ་རྒྱལ་སྤྱི་ཨོམ་བཟོ་སྦྱོར་ལས་སྡེའི་ས་ཁོངས།

ཀོ་ཕུ་ཀུ་ཨོམ་བཟོ་སྦྱོར་ལས་སྡེ་གིས་ འགོ་དང་པ་ ཁེ་སང་བཟོ་ཚུགས་ཡོདཔ།

༉ བཀྲིས་སྒང་ ཆེ་ན་རི་ལུ་ཡོད་པའི་ ཀོ་ཕུ་ཀུ་རྒྱལ་སྤྱི་ཨོམ་བཟོ་སྦྱོར་ལས་སྡེ་གིས་ ལོ་༧ གྱི་རྒྱབ་ལས་ འགོ་དང་པ་ ཁེ་སང་དངུལ་ཀྲམ་ས་ཡ་༡.༧༧ བཟོ་ཡོདཔ་ཨིན་པས།

དེ་ཡང་ ལས་སྡེ་གཞི་བཙུགས་འབད་བའི་ཤུལ་ལུ་ གྱོང་རྒུད་ཐོག་ལས་ར་ ལཱ་འབད་ཡོདཔ་ད་ ལས་སྡེ་དེ་ མི་སྡེ་གོང་འཕེལ་དང་ ཞབས་ཏོག་སྤྲོད་མི་ཅིག་ཨིན་པས།

ལས་སྡེ་གིས་ སྤྱི་ལོ་༢༠༢༠ ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༢༥.༤ བཟོ་ཡོད་མི་ལས་ སྤྱི་ལོ་༢༠༢༡ ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༥༦.༢༥ ལུ་ ཡར་སེང་སོང་ཡོདཔ་ད་ ཧེ་མའི་ ལོ་དང་ཕྱདཔ་ད་ འོང་འབབ་ལོག་ལྟབ་སྦེ་ བཟོ་ཚུགས་ཡོདཔ་ཨིན་པས།

འོང་འབབ་ཚུ་ཡང་ ཨོམ་གི་ཐོན་སྐྱེད་ དཔེ་འབད་བ་ཅིན་ དར་ཚིལ་དང་ ཚྭ་མེད་པའི་མར་ དེ་ལས་ ཞོ་ཧམ་པ་མ་འདྲཝ་༢ རྒྱལ་ཁབ་ནང་འཁོད་བཙོང་སྟེ་བཟོ་ཡོདཔ་ད་ ཁེ་སང་དེ་ལུ་བརྟེན་ཏེ་ ཤར་ཕྱོགས་རྫོང་ཁག་བཞི་གི་ མི་སེར་སོ་ནམ་པ་ སྒོ་ནོར་ལུ་བརྟེན་སྡོད་མི་ཚུ་ལུ་ ཐད་ཀར་དུ་ ཁེ་ཕན་བྱུང་ཡོདཔ་ཨིན་པས།

ལས་སྡེ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ མཁས་དབང་ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ལོ་མང་རབས་ཅིག་ གྱོང་རྒུད་ཕོག་པའི་ཤུལ་ལུ་ ན་ཧིང་ལས་ ཁེ་སང་དུམ་གྲ་རེ་བཟོ་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།

ལས་སྡེ་གིས་ ཧེ་མར་ ཨོམ་སྤུས་ཚད་ཅན་སྦེ་ བཞག་མ་ཚུགས་པའི་སྐྱོན་གྱིས་ གྱོང་རྒུད་ཕོག་སྡོད་ནུག་ཟེར་ ཁོ་གིས་བཤད་པའི་ཁར་ ལས་སྡེ་གིས་ ཨོམ་བསྡུ་ལེན་འབད་སའི་ ས་ཁོངས་ཚུ་ནང་ ཨོམ་བསིལ་ཏོང་ཏོ་བཞག་མི་ ཅ་ཆས་བཙུགས་པའི་ཤུལ་ལུ་ ཨོམ་གི་སྤུས་ཚད་ ཡར་དྲག་སོང་ཡི་ཟེར་ཨིནམ་ད་ གནད་དོན་དེ་ལུ་བརྟེན་ཏེ་ ན་ཧིང་ལས་ ཁེ་སང་བཟོ་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁེ་སང་བཟོ་མི་ གནད་དོན་གཞན་ཡང་ ཨོམ་རྒྱུན་ཆད་མེད་པར་ བསྡུ་ལེན་འབད་ཚུགས་མི་དང་ ཨོམ་གི་ཐོན་སྐྱེད་བཙོང་སའི་ ཚོང་ལམ་ཡར་དྲག་སོང་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཨིནམ་ད་ སྤྱིར་སྙོམས་གྱི་ ཉིནམ་རེ་ལུ་ མི་སེར་ཚུ་ལས་ ཨོམ་ལི་ཊར་༡,༠༨༣ དེ་ཅིག་ བསྡུ་ལེན་འབད་དོ་ཟེར་ཨིན་པས།

འབྲུག་ཛམ་བྷ་ལ་དར་ཚིལ་གྱིས་ སྤྱི་ལོ་༢༠༢༡ ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༤༣.༡༦ བཟོ་ཡོདཔ་བཞིན་དུ་ ཞོ་ཧམ་པ་མ་འདྲཝ་༢ བཙོང་མི་དེ་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༤.༥༦ དང་ ཚྭ་མེད་པའི་མར་གྱིས་ འོང་འབབ་དངུལ་ཀྲམ་ས་ཡ་༢.༧༢ བཟོ་ཡོདཔ་ཨིན་པས།

ལས་སྡེ་གིས་ སྤྱི་ལོ་༢༠༢༡ ལུ་ ཨོམ་མེ་ཊིག་ཊཱོན་༦༧༨.༠༥ བསྡུ་ལེན་འབད་མི་གིས་ གའུ་ད་དར་ཚིལ་མེ་ཊིག་ཊཱོན་༡༠༠.༠༥ དེ་ཅིག་དང་ མར་མེ་ཊིག་ཊཱོན་༡༠.༤༢༩ བཟོ་ཡོདཔ་ད་ མི་ལི་ལི་ཊར་༡༠༠ འབད་མི་ ཞོ་ཕོརཔ་༢,༡༣,༨༠༨ དེ་ཅིག་དང་ མི་ལི་ལི་ཊར་༤༠༠ འབད་མི་ ཞོ་ཕོརཔ་༢༢,༠༤༧ དེ་ཅིག་ བཟོ་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་སྡེ་གིས་ ཨོམ་ཐོན་སྐྱེད་འབད་མི་ གུང་པ་༡༢༠༠ དེ་ཅིག་དང་གཅིག་ཁར་ ཨོམ་བསྡུ་ལེན་གྱི་མཐུད་སྦྲེལ་འབད་ཡི་ཟེར་ཨིནམ་ད་ ཨོམ་ལས་བརྟེན་ ཐད་ཀར་དུ་ སོ་ནམ་པ་ཚུ་ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༡༢.༨༨ སྤྲོད་ས་ལས་ སྤྱི་ལོ་༢༠༢༡ ལུ་ འོང་འབབ་དངུལ་ཀྲམ་༢༣.༤༡ ལུ་ ཡར་སེང་སོང་ཡི་ཟེར་ཨིན་པས།

འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཨོམ་བསྡུ་ལེན་ཡར་སེང་འབད་མི་ལུ་བརྟེན་ ལས་སྡེ་གི་ འཕྲུལ་ཆས་ལག་ལེན་བརྒྱ་༥༡ ལས་ སྤྱི་ལོ་༢༠༢༢ ཀྱི་ཟླཝ་༧ པའི་ནང་ བརྒྱ་ཆ་༩༧ དེ་ཅིག་ གཡོག་བཀོལ་ཚུགས་ཡི་ཟེར་ཨིན་པས།

ཀོ་ཕུ་ཀོ་རྒྱལ་སྤྱི་ཨོམ་བཟོ་སྦྱོར་ལས་སྡེ་གིས་ རྒྱལ་ཁབ་ནང་ ཨོམ་གི་ཐོན་སྐྱེད་ནང་འདྲེན་ལེ་ཤ་འབད་མི་ དར་ཚིལ་མར་ཕབ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ད་ དེ་དང་འབྲེལ་བའི་ གདོང་ལེན་ལེ་ཤ་ར་ཡོདཔ་ཨིན་པས།

ལས་སྡེ་གིས་ སྤྱི་ལོ་༢༠༢༠ ལུ་ ཛམ་བྷ་ལ་དར་ཚིས་ མེ་ཊིག་ཊཱོན་༡༡༦༢.༩༧ འབད་མི་གིས་ ནང་འདྲེན་བརྒྱ་ཆ་༤ དེ་ཅིག་འབད་ཚུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༡ ལུ་ དར་ཚིལ་ མེ་ཊིག་ཊཱོན་༡༢༢༨.༦༨ ཐོན་སྐྱེད་འབད་མི་གིས་ ནང་འདྲེན་བརྒྱ་ཆ་༨ ལས་བརྒལ་འབད་མ་ཚུགས་པས།

ལས་སྡེ་དང་འཁྲིལ་བ་ཅིན་ འབྲུག་ཛམ་བྷ་ལ་དར་ཚིལ་གྱི་ ཚོང་ལམ་ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༢༡ ལུ་ དར་ཚིལ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་ས་ཡ་༤༣.༡༦ དེ་ཅིག་ བཟོ་ཡོདཔ་ཨིན་པས།

མཁས་དབང་ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ ནོར་གྱི་ཨོམ་ལས་བཟོ་མི་ ཛམ་བྷ་ལ་དར་ཚིལ་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ ཚོང་མགྲོན་པ་ཚུ་ལས་ ངོས་ལེན་ལེགས་ཤོམ་ཐོབ་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ནང་འདྲེན་འབད་མི་ དར་ཚིལ་བཟུམ་མེན་པར་ ཛམ་བྷ་ལ་དར་ཚིལ་དེ་ ལས་སྡེ་གིས་ འཛམ་གླིང་གསོ་བའི་ཚོགས་པའི་ ཚད་གཞི་དང་འཁྲིལ་ཏེ་ བཟོ་དོ་ཟེར་ཨིནམ་ད་ བཟའ་རུང་བཅུད་ཡོདཔ་མ་ཚད་ མགུ་ཏོ་ན་མི་དང་ གཟུགས་ཁམས་ལུ་གནོད་ཡོད་པའི་ ཉོགས་བཤད་ག་ནི་ཡང་ མེད་ཟེར་ཨིན་པས།

ད་རེས་ ལས་སྡེ་གིས་ ནང་འཁོད་ནང་ ཛམ་བྷ་ལ་དར་ཚིལ་གྱི་ ཚོང་ལམ་བརྒྱ་ཆ་༨.༩ དེ་ཅིག་ ལེན་ཡོདཔ་བཞིན་དུ་ རྫོང་ཁག་༡༦ ག་ར་ནང་ ཚོང་ལམ་མཐུད་སྦྲེལ་འབད་ཡོདཔ་ད་ དུས་ཅི་བརྒྱ་ཆ་༡༥ དེ་ཅིག་ ནང་འདྲེན་མར་ཕབ་འབད་ནིའི་ དམིགས་གཏད་ཡོདཔ་ཨིན་པས།

ཛམ་བྷ་ལ་དར་ཚིལ་ མཁོ་འདོད་བཀོད་ཡོད་མི་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ མངམ་ཡོདཔ་ཨིན་རུང་ ལས་སྡེ་གིས་ འཕྲུལ་ཆས་རྙིངམ་འབད་ནི་དེ་གིས་ འཕྲུལ་ཆས་མེདཔ་ཐལ་བའི་ གདོང་ལེན་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༡ ལྷགཔ་ཅིག་གནས་པའི་ ཨོམ་གི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་དོ་ཡོདཔ་ད་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་རྩིས་ཁྲ་༢༠༢༡ དང་འཁྲིལ་བ་ཅིན་ དངུལ་ཀྲམ་ས་ཡ་༡༠༩༦.༧༣ གནས་པའི་ ཨོམ་གྱི་ཐོན་སྐྱེད་འབད་མི་ལས་ ཐོས་ཤོས་ར་ དར་ཚིལ་མེ་ཊིག་ཊཱོན་༡,༡༢༨.༦༥ ཐོན་སྐྱེད་འབད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *