ཀེ་ཧང་འབག་འོང་མི་ ཕོ་སྐྱེས་༣ འཛིན་བཟུང་འབད་ཡོདཔ།

༉ སྤུ་ན་ཁ་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ སྤུ་ན་ཁ་ དཀར་སྦིས་ས་ལས་ཨིན་མི་ ཕོ་སྐྱེས་༣ གྱིས་ ཀེ་ཧང་འབག་འོང་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཕོ་སྐྱེས་གསུམཔོ་དེ་ སྐྱེས་ལོ་༢༣ དང་༢༦ དེ་ལས་༢༧ ཨིནམ་ད་ ཁོང་༣ སྣུམ་འཁོར་དང་གཅིག་ཁར་ ཁུ་རུ་ཐང་ཟམ་གྱི་ སྦོ་ལོགས་ཁ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཕོ་སྐྱེས་༣ ལས་ ཀེ་ཧང་ག་རམ་༡༣༨ འཕྱོག་བཟུང་འབད་ཡོདཔ་ད་ ཀེ་ཧང་ཚུ་ ཆུ་ཤོག་ནང་ བཙུགས་ཞིནམ་ལས་ ལྷམ་གྱི་ནང་ན་ བཙུགས་ཏེ་ འབག་འོང་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ནང་ འཛིན་བཟུང་འབད་མི་ ཕོ་སྐྱེས་༣ གྱིས་ ཀེ་ཧང་ཚུ་ དབང་འདུས་ དགའ་སེང་ལོགས་ ཧེ་སོ་ཐང་ཁ་ལས་ འབག་འོང་ཡོདཔ་ད་ སྤུ་ན་ཁ་གི་ ཁྲིམས་སྲུང་འགག་པ་གིས་ གསང་བའི་སྙན་ཞུ་ ཐོབ་ཡོད་པའི་ཤུལ་ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
སྤུ་ན་ཁ་གི་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་ནང་ ཕོ་སྐྱེས་༤ གིས་ འབྲེལ་གཏོགས་འབད་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་པ་ཚུ་གིས་ སྣུམ་འཁོར་བཀགཔ་ཅིག་ ཕོ་སྐྱེས་ཅིག་ ས་གནས་དེ་ཁ་ལས་ར་ བྱོག་ཡར་སོཔ་ལས་ ད་ལྟོ་ཡང་ འཛིན་བཟུང་འབད་མ་ཚུགས་པར་ཡོད་ཟེར་ཨིན་པས།
དེ་ཚེ་ ས་གནས་ནང་ལས་ བྱོག་སོང་མི་ ཕོ་སྐྱེས་དེ་ གཡུས་ཁར་འདུག་ཟེར་ གོ་བའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་ཚུ་ ས་གནས་ནང་ བལྟ་བར་སོང་ཡོདཔ་ཨིན་རུང་ ས་གནས་ནང་ལྷོད་པའི་བསྒང་ལས་ དེ་ནང་ལས་ཡང་ བྱོག་ཡར་སོ་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དེ་བཟུམ་མའི་ གནད་དོན་ཚུ་ཐོན་པའི་སྐབས་ ས་གནས་ཀྱི་ མི་སེར་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ ཆ་རོགས་འབད་དགོཔ་ཨིན་རུང་ མི་ཚུ་གིས་ མ་མཐོངམ་བཟུམ་སྦེ་ སྡོད་དེ་ ཆ་རོགས་ག་ཅི་ཡང་ འབད་མ་བཏུབ་འབདཝ་ད་ ཁྲིམས་སྲུང་འགག་པ་རྐྱངམ་གཅིག་གིས་ བཟུང་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ནངས་པར་ ཕོ་སྐྱེས་མང་ཤོས་ཅིག་གིས་ ཀེ་ཧང་ཚུ་འཕུར་བ་ གཡུས་ཁ་ལས་ཕར་ འགྱོ་དོ་ཡོདཔ་ལས་ གཡུས་ཁའི་ མི་སེར་ཚུ་གིས་ དེ་སྦེ་འབདཝ་ད་ མ་མཐོངམ་བཟུམ་སྦེ་ སྡོད་ནི་མེན་པར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བ་ཅིན་ མ་འོངས་པ་ལུ་ དེ་བཟུམ་མའི་ བྱ་ངན་འབད་མི་ཚུ་ བཀག་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
འཛིན་བཟུང་འབད་དེ་ཡོད་མི་ ཕོ་སྐྱེས་ཚུ་གིས་ ཉེས་ལས་འཐབ་ཡོད་པའི་ ཁ་བཟེད་ཡོདཔ་ད་ ད་ལྟོ་ཕོ་སྐྱེས་༤ པམ་དེ་ འཛིན་བཟུང་འབད་མ་ཚུགས་པར་ཡོདཔ་ལས་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་མ་འབདཝ་ཨིན་པས།
ཁོང་གསུམ་གྱི་ རྟིང་བདའ་སྟེ་འོང་མི་ སྣུམ་འཁོར་དེ་ཡང་ ཁོང་རའི་སྤུན་ཆ་ལུ་ རྩིས་སྤྲོད་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *