ཀེ་ཧང་གི་རྒྱུ་རྫས་འཆང་མི་ ཕོ་སྐྱེས་༡ དོ་དམ་འོག་ལུ་ཡོདཔ།

༉ མོང་སྒར་ལུ་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་ཀེ་ཧང་གི་རྒྱུ་རྫས་ ཧ་ཤིསི་ཀེ་ཇི་༡.༢༢༥ དེ་ཅིག་ འཆང་སྤྱོད་འབད་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ ཞིབ་དཔྱད་ཀྱི་དོན་ལུ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།

ལྕགས་སི་མཁར་ལས་ སྐྱེས་ལོ་༣༥ ལང་མི་ དོགས་ཅན་དེ་ སྤྱི་ཟླ་༡༠ པའི་ཚེས་༡༡ ལུ་ མོང་སྒར་དང་ བཀྲ་ཤིས་སྒང་གི་བར་ན་ཡོད་མི་ ཡ་ལྡི་ཡན་ལག་ཁྲོམ་ལས་ ཁྲིམས་སྲུང་འགག་པ་གིས་ དུས་རྒྱུན་བརྟག་དཔྱད་འབད་བའི་སྐབས་ འཛིན་བཟུང་འབད་ནུག།

ཚོགས་པ་བགྲེསཔ་ཨིན་མི་ དོགས་ཅན་དེ་ ལྕགས་སི་མཁར་ལས་ མོང་སྒར་ཁ་ཐུག་ལུ་ སྒེར་འཁོར་ནང་འཛུལ་ཏེ་ འོང་པའི་བསྒང་ཨིན་པས།

དོགས་ཅན་གྱིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ནང་ ཀེ་ཧང་གི་ རྒྱུ་རྫས་དེ་ ལྕགས་སི་མཁར་དང་ ཐང་རོང་རྒེད་འོག་༢ ཀྱི་ ས་མཚམས་ཁར་ཡོད་པའི་ ནགས་ཚལ་ནང་ལས་ ཟླཝ་༥ གི་རིང་ བསྡུ་བསྒྱོམ་འབད་འབདཝ་ཨིན་ཟེར་བཀོད་ནུག།

ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ སྨྱོ་རྫས་དེ་ ཕུན་ཚེོགས་གླིང་གི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ བཙོང་པར་འབག་ནི་སྦེ་ཨིན་ཟེར་བཀོད་ནུག།

ཁྲིམས་སྲུང་འགག་སྡེའི་སྡེ་འཛིན་ དམག་སྲིད་འོགམ་ ཀརྨ་རྡོ་རྗེ་ཊི་གིས་ སླབ་མིའི་ནང་ མོང་སྒར་ཁྲིམས་སྲུང་སྡེ་ཁག་༩ པའི་ མངའ་འོག་ལུ་ མོང་སྒར་དང་ རྒྱལ་པོའི་ཞིང་ ལྷུན་རྩེ་ དེ་ལས་ ཡ་ལྡི་དང་ དགྲ་མེད་རྩེ་ཡན་ལག་ཡིག་ཚང་ཚུ་གིས་ རེས་གཟའ་སྤེན་པ་ཨ་རྟག་ར་ རྒྱལ་ཁབ་ཀྱི་ ས་གནས་གཞན་ནང་བཟུམ་སྦེ་ སྨྱོ་རྫས་འབག་ཡོད་མེད་དང་ སྐྱེལ་འདྲེན་གྱི་ ཡིག་ཆ་ཚུ་ ཁྲིམས་མཐུན་ཡོད་མེད་ དེ་ལས་ གཞུང་ལམ་ཁར་ ཕྱགས་སྙིགས་འཛིན་སྐྱོང་དང་འབྲེལ་བའི་ གོ་བ་བརྡ་སྤྲོད་ནིའི་དོན་ལུ་ འཕྲལ་འཕྲལ་ར་ གློ་བུར་བརྟག་དཔྱད་ཚུ་ འབད་ནི་ཡོད་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *