ཀེ་ལ་གཡུས་ཚན་གྱི་ མི་སེར་ཚུ་ སྣུམ་འཁོར་མ་ཐོབ་པའི་དཀའ་ངལ།

༉ རེད་འཕེལ་ལས་ ཀོ་ཤ་ལ་ལུ་ ཕྲང་ལམ་བསལ་མི་ལུ་བརྟེན་ ཀེ་ལ་གཡུས་ཚན་གྱི་ མི་སེར་ཚུ་ སྣུམ་འཁོར་མ་ཐོབ་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ སྟང་སི་སྦྱིས་རྒཔོ་ མགོན་པོ་རྡོ་རྗེ་གིས་ ཞུ་མིའི་ནང་ ཀེ་ལ་སྒོར་ལྟབ་བརྒྱུད་དེ་ སྣུམ་འཁོར་ཚུ་ འགྲོ་འགྲུལ་མ་འབད་མི་དེ་ཡང་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་ནི་དེ་གིས་ཨིན་མས་ཟེར་ཨིན་པས།
རེད་འཕེལ་ལས་ གླང་མཐིལ་ཚུན་གྱི་ འཁོར་ལམ་དེ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཉམས་བཅོས་འབད་ཡོད་རུང་ མེདཔ་ཐལ་ཡོདཔ་ཨིན་པས།
གླང་མཐིལ་རྒཔོ་ བསོད་ནམས་དོན་གྲུབ་ཀྱིས་ འབད་བ་ཅིན་ འཁོར་ལམ་ཉམས་བཅོས་འབད་དེ་ ལོ་མ་ལངམ་ཅིག་ལས་ མེདཔ་ཐལ་སོ་ནི་དེ་གིས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མི་ཚུགས་པས་ཟེར་ཨིནམ་ད་ ལམ་སེལ་ལས་ཁུངས་ཀྱི་ ཁ་ཐུག་ལས་ འཆར་གཞི་ག་ཅི་ཡོད་ག་ཟེར་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ ངོ་ཚབ་ཀྱིས་འབད་བ་ཅིན་ ཁག་འབག་གི་ལཱ་མཇུག་བསྡུ་ཡོདཔ་ལས་ འཁོར་ལམ་མེདཔ་ཐལ་མི་ཚུ་ ཁོ་ར་གིས་ བཟོ་དགོ་པའི་དུས་ཡུན་ནང་ཡོདཔ་ལས་ ཁོ་ལུ་སླབ་པའི་སྐབས་ ཆར་ཆུ་མཇུག་མ་བསྡུ་ཚུན་ བཀག་ཡོདཔ་ཨིན་རུང་ འཕྲལ་མགྱོགས་ར་ ཉམས་བཅོས་འབད་འོང་ཟེར་ཨིན་པས།
དེ་ལས་ བཱསི་གི་ཞབས་ཏོག་ལེགས་ཤོམ་བྱིན་ནིའི་དོན་ལུ་ རྫོང་ཁག་ཚོགས་འདུ་གིས་ ཐིམ་ཕུག་ལས་ ཀྲོང་གསར་ཚུན་ སྐྱེལ་འདྲེན་འབད་མི་ གསེར་ཉ་སྐྱེལ་འདྲེན་བཱསི་དེ་ ཀུན་དགའ་རབ་བརྟན་ཚུན་ འགྲོ་འགྲུལ་འབད་དོ་ཡོད་མི་དེ་ ཀྲོང་གསར་ཚུན་རྐྱངམ་གཅིག་ འགྲོ་འགྲུལ་འབད་དགོ་པའི་ གསལ་ཞུ་འབད་ཡི།
བཱསི་དེ་ ཀུན་དགའ་རབ་བརྟན་ལུ་ འགྱོ་བའི་སྐབས་ གླང་མཐིལ་འགྱོ་མི་ བཱས་དེ་གིས་ འཁོར་ལམ་རྙིངམ་བདའ་སྟེ་འགྱོཝ་ལས་ འགྲུལ་པ་ཡང་ མི་ཐོབ་དོ་ཡོདཔ་ཨིན་པས།
གླིང་མཐིལ་རྒཔོ་གིས་ གླང་མཐིལ་བཱསི་གི་ ཇོ་བདག་དེ་གིས་ འགྲུལ་པ་མེདཔ་ལས་ གྱོང་རྒུད་ཕོག་ནི་དེ་གིས་ མཚམས་འཇོག་འབད་ནི་དང་ ཡང་ན་ བཱསི་༢ ཡོད་མི་ལས་ གསེར་ཉ་སྐྱེལ་འདྲེན་བཱསི་དེ་ ཀྲོང་གསར་ཚུན་བཞག་དགོ་པའི་ ཞུ་བ་ལྷོད་ཅི་ཟེར་ཨིན་པས།
མི་སེར་དང་ བཱས་གི་ཇོ་བདག་༢ ཆ་རའི་ ཕན་ཐབས་ལུ་དམིགས་ཏེ་ རྫོང་ཁག་ཚོགས་འདུ་གིས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ལུ་ གསེར་ཉ་སྐྱེལ་འདྲེན་བཱསི་དེ་ ཀྲོང་གསར་ཚུན་དང་ གླང་མཐིལ་བཱསི་དེ་ ཧེ་མ་གི་ གཞུང་ལམ་རྙིངམ་བདའ་སྟེ་ འགྲོ་འགྲུལ་འབད་དགོ་པའི་ ཞུ་བ་འབད་ནི་དང་ ལམ་སེལ་ལས་ཁུངས་ལུ་ཡང་ འཁོར་ལམ་ལེགས་བཅོས་འབད་དགོ་པའི་ ཞུ་བ་ཕུལ་ནི་སྦེ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *