འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ལྷོད་མི་ ཀེ་བ་ཚུ།

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས།

ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ དང་ བར་མ་གིས་ དངུལ་ཀྲམ་༡༩ རེ་ དེ་ལས་ ཀེ་བ་ཆུང་ཀུ་ཀེ་ཇི་རེ་གིས་ དངུལ་ཀྲམ་༡༢ རེ་ཐོབ་ཅི།

བཀྲིས་སྒང་ལས་ ཚེ་རིང་གཡང་སྐྱིད་ཀྱིས་ སླབ་མིའི་ནང་ འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ ཀེ་བའི་གོང་ཚད་ དྲག་དོ་བཟུམ་ མཐོངམ་ཨིན་རུང་ འཕྲལ་འཕྲལ་ར་ གོང་ཚད་མར་འབབ་འགྱོ་དོ་ཡོདཔ་ལས་ ཏན་ཏན་སྦེ་ སླབ་མི་ཤེས་པས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ གོང་ཚད་ལེགས་ཤོམ་ཐོབ་ད་ སེམས་དགའཝ་མས་ཟེར་ཨིནམ་ད་ གོང་ཚད་ལུ་ བརྟན་ཏོག་ཏོ་སྦེ་ གནས་པ་ཅིན་ མ་འོངས་པར་ ཀེ་བ་འཛུགས་སྐྱོང་འབད་ནི་ལུ་ཡང་ སེམས་ཤུགས་འབྱུང་ནི་མས་ཟེར་ཨིན་པས།

རིན་བསྡུར་ཁང་ནང་ ཀེ་བ་འབག་འོང་མི་ གཞན་ཚུ་གིས་ ཀེ་བའི་གོང་ཚད་ལེགས་ཤོམ་ ཐོབ་མི་གིས་མ་དོ་བར་ ཀེ་བ་རིན་བསྡུར་འབད་ནིའི་དོན་ལུ་ སྒུག་སྡོད་མ་དགོཔ་ལས་ ཟད་འགྲོ་ལུ་ཡང་ ཕན་ཐོགས་འདུག་ཟེར་ བཤདཔ་ཨིན་པས།

ཁོང་གིས་ སླབ་མིའི་ནང་ ཀེ་བའི་གོང་ཚད་ ཡར་མར་ག་ཅི་སྦེ་ འགྱོཝ་ཨིན་ན་ ཤེས་རྟོགས་འབྱུང་མ་ཚུགས་རུང་ སྤྱི་ལོ་༢༠༡༨ དང་ཕྱདཔ་ད་ དུས་ཅི་ གོང་ཚད་ལེགས་ཤོམ་ཐོབ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།

རིན་བསྡུར་ཁང་གི་ འཛིན་སྐྱོང་པ་ རྣམ་རྒྱལ་དབང་ཕྱུག་གིས་ སླབ་མིའི་ནང་ གོང་ཚད་ལེགས་ཤོམ་ ཐོབ་མི་དེ་ དུས་ཅི་ ཀེ་བའི་ཐོན་སྐྱེད་ ཧེ་མ་བཟུམ་སྦེ་ མེད་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིནམ་ད་ སྤྱི་ཟླ་༩ པའི་ཚེས་༡༥ ཚུན་ ཀེ་བ་མེ་ཊིག་ཊཱན་༡,༦༣༠ རིན་བསྡུར་ཐོག་ བཙོང་མི་དེ་ སྤྱི་ལོ་༢༠༡༨ ལུ་ ཀེ་བ་མེ་ཊིག་ཊཱན་༣,༥༠༠ བཙོང་མི་དང་ཕྱདཔ་ད་ མེ་ཊིག་ཊཱན་༨༧༠ དེ་ཅིག་གིས་ བབས་སོ་ནུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་ དཔྱ་སྙོམས་ལུ་ ཀེ་བ་སྦོམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༣ དང་༢༥ བར་མ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༠ དེ་ལས་ ཆུང་ཀུ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༩ དང་༡༢ ཀྱི་བར་ན་ ཐོབ་དོ་ཡོདཔ་ད་ འདས་པའི་ལོ་ནང་ ཀེ་བ་སྦོམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥ དང་༡༧ བར་མ་ལུ་ དངུལ་ཀྲམ་༡༢ དང་༡༥ ཆུང་ཀུ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣ དང་༥ གི་བར་ན་བཙོང་ནུག།

རྒྱ་གར་ལས་ ཀེ་བ་ཉོ་མི་ཚུ་གིས་ ཀེ་བའི་གོང་ཚད་ཡར་སེང་སྟེ་ བྱིན་མི་དེ་ རིན་བསྡུར་ཁང་ནང་ ཀེ་བ་དེ་ཅིག་ ལྷོད་ནི་མེད་མི་ལུ་བརྟེན་ཨིན་ཟེར་ བཤད་པའི་ཁར་ ད་ལྟོ་ཚུན་ ཀེ་བའི་གོང་ཚད་མཐོ་ཤོས་ དངུལ་ཀྲམ་༣༠ ཚུན་སྤྲོད་དེ་ ཉོ་ཡི་ཟེར་ཨིན་པས།

གོང་ཚད་ལེགས་ཤོམ་ཐོབ་མིའི་ གནད་དོན་གཞན་དེ་ རྒྱ་གར་ལུ་ ཀེ་བའི་ཐོན་སྐྱེད་ལེ་ཤ་ཡོད་རུང་ སྤུས་ཚད་ལེགས་ཤོམ་མེདཔ་ལས་ འབྲུག་གི་ཀེ་བ་ཚུ་ མཁོ་འདོད་བཀོད་མི་ མངམ་ཐོན་མི་ལུ་བརྟེན་ཨིན་ཟེར་ ཁོང་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *