སྤྱི་ཟླ་༩ པའི་ཚེས་༤ ལུ་ ཀེ་བ་ཕྱིར་སེར་འཕྲུལ་ཆས་དང་ ཡོངས་འབྲེལ་ཐོག་གི་ རིན་བསྡུར་ཞབས་ཏོག་ འགོ་འབྱེད་འབད་ཡོདཔ།

ཀེ་བ་ཕྱིར་སེལ་འཕྲུལ་ཆས་དང་ ཡོངས་འབྲེལ་ཐོག་གི་ རིན་བསྡུར་ཞབས་ཏོག་ འགོ་བཙུགས་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༤ ལུ་ བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ལུ་ རིན་བསྡུར་གྱི་ཞབས་ཏོག་ཚུ་ སྟབས་བདེ་ཏོག་ཏོ་དང་ མགྱོགས་དྲགས་སྦེ་ སྤྲོད་ཐབས་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཀེ་བ་ཕྱིར་སེལ་འཕྲུལ་ཆས་དང་ ཡོངས་འབྲེལ་ཐོག་གི་ རིན་བསྡུར་ཞབས་ཏོག་ འགོ་འབྱེད་འབད་ཡི།

ལས་འཛིན་གྱིས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་སེལ་འཕྲུལ་ཆས་དང་ ཡོངས་འབྲེལ་ཐོག་གི་ རིན་བསྡུར་ཞབས་ཏོག་ བཙུགས་མི་དེ་ སོ་ནམ་པ་ཚུ་གིས་ གོང་ཚད་ལེགས་ཤོམ་ འཐོབ་ཐབས་ལུ་ སོ་ནམ་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནི་དང་ སྤུས་ཚད་ཡར་དྲག་གཏང་ནི་ དེ་ལས་ རིན་བསྡུར་གྱི་ ཞབས་ཏོག་དེ་ དྭགས་གསལ་སྦེ་ སྤྲོད་ཐབས་ལུ་ཨིན་པས།

རིན་བསྡུར་ཁང་གི་ འཛིན་སྐྱོང་པ་ རྣམ་རྒྱལ་དབང་ཕྱུག་གིས་ སླབ་མིའི་ནང་ ད་རེས་ ལམ་ལུགས་གསརཔ་ འགོ་བཙུགས་མི་ལུ་བརྟེན་ སོ་ནམ་པ་ཚུ་གིས་ ཀེ་བ་ཚོང་འབྲེལ་གྱི་དོན་ལུ་ བར་ཚོང་པ་ཚུ་ལུ་ བརྟེན་མ་དགོ་པའི་ ཕན་ཐོགས་འབྱུང་ནི་དང་ ཀེ་བ་ཚུ་ཡང་ སྦོམ་དང་བར་མ་ དེ་ལས་ ཆུང་ཀུ་སྦེ་ འཕྲུལ་ཆས་ཐོག་ ཕྱིར་སེལ་འབད་ཚུགས་ནི་ཨིནམ་ལས་ ལཱ་ལྟོ་མི་ཆགས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འཕྲུལ་ཆས་དེ་ལེ་བརྟེན་ དུས་ཚོད་འཕྲོ་བརླག་ཙི་འགྱོ་ནི་དང་ སོ་ནམ་པ་ཚུ་གིས་ གོང་ཚད་ཡང་ ལེགས་ཤོམ་འཐོབ་ཚུགས་ཟེར་ཨིནམ་ད་ ས་མཚམས་ཁྲོམ་སྡེའི་ མི་ཚུ་གིས་ཡང་ ཁོ་རའི་གོང་ཚད་ཚུ་ བཀོད་ནིའི་དོན་ལུ་ བཟའ་སྤྱོད་ལས་འཛིན་དང་གཅིག་ཁར་ ཐོ་བཀོད་འབད་ཆོག་ནི་ཨིན་པས།

ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ གོང་ཚད་ལེགས་ཤོམ་ ཐོབ་མ་ཚུགས་མི་དེ་ ཀེ་བ་ཚུ་ ལེགས་ཤོམ་སྦེ་ ཕྱིར་སེལ་མ་འབད་བར་ ག་ར་སླ་བསྲེས་ཏེ་ འབག་འོང་མི་དེ་གིས་ཨིནམ་ད་ འཕྲུལ་ཆས་དེ་ལུ་བརྟེན་ སོ་ནམ་པ་ཚུ་གིས་ ལས་མི་ཚུ་ལུ་ རེ་མ་དགོ་པར་ ཕྱིར་སེལ་འབད་ཚུགས་པའི་ ཕན་ཐོགས་འབྱུང་འོང་ཟེར་ བཤདཔ་ཨིན་པས།

སྤྱི་ཚེས་༤ ལུ་ ཨ་རྟག་བཟུམ་སྦེ་ རིན་བསྡུར་འབད་བའི་སྐབས་ ཀེ་བ་དམརཔོ་སྦོམ་ཀེ་ཇི་རེ་གིས་ དངུལ་ཀྲམ་༢༦ དང་ བར་མ་གིས་ དངུལ་ཀྲམ་༢༤ ཆུང་ཀུ་ཀེ་ཇི་རེ་གིས་ དངུལ་ཀྲམ་༡༠ ཐོབ་ཡོདཔ་ད་ ཡོངས་འབྲེལ་ཐོག་ རིན་བསྡུར་འབདཝ་ད་ ཀེ་བ་སྦོམ་ཀེ་ཇི་རེ་གིས་ དངུལ་ཀྲམ་༣༠ དང་ བར་མ་གིས་ དངུལ་ཀྲམ་༢༨ དེ་ལས་ ཆུང་ཀུ་ཀེ་ཇི་རེ་གིས་ དངུལ་ཀྲམ་༡༥ ཐོབ་ཡོདཔ་ཨིན་པས།

ལས་འཛིན་གྱི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ལས་འཛིན་གྱིས་ ཕྱིར་སེལ་འཕྲུལ་ཆས་དང་ ཡོངས་འབྲེལ་ཐོག་གི་ རིན་བསྡུར་ཞབས་ཏོག་དེ་ རྒྱལ་གཞུང་འགན་ལེན་ཤོག་དངུལ་ཚོང་ལས་སྡེ་ཚན་གྱི་ རྒྱབ་སྐྱོར་ཐོག་ མོ་བཏབ་བཟུམ་སྦེ་ སྤྱི་ལོ་༢༠༡༦ ལུ་ ཕུན་ཚོགས་གླིང་གི་ རིན་བསྡུར་ཁང་ནང་ འགོ་བཙུགས་ཅི་ཟེར་ཨིན་པས།

སྤྱི་ལོ་༢༠༡༦ ཀེ་བ་མེ་ཊིག་ཊཱན་༣༡༦ དང་ སྤྱི་ལོ་༢༠༡༧ ལུ་ མེ་ཊིག་ཊཱོན་༡,༡༤༧ དེ་ལས་ སྤྱི་ལོ་༢༠༡༨ ལུ་ ཀེ་བ་མེ་ཊིག་ཊཱན་༡,༤༤༣ དེ་ཅིག་ ཡོངས་འབྲེལ་ཐོག་ རིན་བསྡུར་འབད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *