༉ ཤར་ཕྱོགས་རྫོང་ཁག་༦ གི་ སོ་ནམ་པ་ཚུ་གིས་ བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཁང་ནང་ ཀེ་བ་ཚུ་ རིན་བསྡུར་ཐོག་ལས་ བཙོང་པའི་སྐབས་ ཀེ་བ་སྦོམ་དང་ བར་མ་ཚུ་གི་ གོང་ཚད་ལུ་ལྟ་སྟེ་ སེམས་དགའ་ཡོད་རུང་ ད་ལྟོ་ ཀེ་བ་ཆུང་ཀུ་ཚུ་གི་དོན་ལུ་ ཚོང་སྒྱུར་གྱི་ དུས་ཚོད་ངོ་མ་མེནམ་ལས་ གོང་ཚད་ལེགས་ཤོམ་ འཐོབ་མ་ཚུགས་པས།
དེ་ཡང་ ཀེ་བ་སྦོམ་ཚུ་གིས་ ཀེ་ཇི་རེ་ལུ་ གོང་ཚད་མཐོ་ཤོས་ དངུལ་ཀྲམ་༡༩.༨༠ དང་ ཉུང་ཤོས་དངུལ་ཀྲམ་༡༦ དེ་ལས་ བར་མ་ཚུ་གིས་ དངུལ་ཀྲམ་༡༢ དང་༡༥ འི་བར་ན་ ཐོབ་དོ་ཡོདཔ་བཞིན་དུ་ ཀེ་བ་ཆུང་ཀུ་ཚུ་གིས་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༥ དང་༡༠ གྱི་བར་ན་ ཐོབ་དོ་ཡོདཔ་ཨིན་པས།
བཀྲིས་སྒང་ཡང་གཉེར་ལས་ སྐྱེས་ལོ་༥༢ ལང་མི་ ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རིན་བསྡུར་ཁང་ནང་ ཀེ་བ་འབག་འོང་སྟེ་ ཉིནམ་༣ དེ་ཅིག་ལང་རུང་ རིན་བསྡུར་འབད་མ་ཚུགས་ཟེར་ཨིནམ་ད་ བསམ་གྲུབ་ལྗོངས་མཁར་ལུ་ ག་ཡང་མེདཔ་ལས་ ཉལ་ཁང་དང་ བཟའ་འཐུང་འབདཝ་ད་ ཟད་འགྲོའི་དཀའ་ངལ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ན་ཧིང་ ཀེ་བ་སྦོམ་ཚུ་ལུ་ ཀེ་ཇི་རེ་ལུ་ གོང་ཚད་མཐོ་ཤོས་དངུལ་ཀྲམ་༢༣ དེ་ཅིག་ ཐོབ་ཚུགས་ཅི་ཟེར་ཨིནམ་ད་ ད་རེས་ ཐོབ་དོ་ཡོད་མི་ གོང་ཚད་ལུ་ཡང་ མ་བཏུབ་མིན་འདུག་ཟེར་ཨིན་རུང་ རིན་བསྡུར་འབད་ནིའི་དོན་ལུ་ ཉིནམ་༣ དང་༤ དེ་ཅིག་ འགོར་དོ་ཡོད་མི་དེ་གིས་ དཀའ་ངལ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཡང་གཉེར་ལས་ རིན་བསྡུར་ཁང་ཚུན་ སྐྱེལ་འདྲེན་འབད་བའི་སྐབས་ ཀེ་བ་ཕད་ཙེ་རེ་ལུ་ གླ་ཆ་དངུལ་ཀྲམ་༧༥ དང་༩༠ དེ་རེ་ སྤྲོད་དགོ་ཟེར་ཨིནམ་ད་ ཁོ་ར་རྐྱངམ་གཅིག་གིས་ གླ་ཆ་སྤྲོད་ནི་ལུ་ དཀའ་ངལ་ཡོདཔ་ལས་ གཞན་ཚུ་དང་གཅིག་ཁར་ བསྡོམས་ཞིནམ་ལས་ འབག་འོང་དོ་ཟེར་ཨིན་པས།
བཀྲིས་གཡང་རྩེ་ འཇམ་མཁར་ལས་ སྐྱེས་ལོ་༤༦ ལང་མི་ སངས་རྒྱས་མགོན་པོ་གིས་ སླབ་མིའི་ནང་ ཁོ་གིས་ ཀེ་བ་ཕད་ཙེ་༡༥ དེ་ཅིག་ རིན་བསྡུར་ཁང་ནང་ འབག་འོང་ནིའི་དོན་ལུ་ ཀེ་བ་ཕད་ཙེ་རེ་ལུ་ དངུལ་ཀྲམ་༩༠ རེ་ སྤྲོད་དགོ་ཟེར་ཨིནམ་ད་ ཨིན་རུང་ ཁོ་ར་ལུ་ སྣུམ་འཁོར་བོ་ལེ་རོ་ཅིག་ཡོདཔ་ལས་ ཁོ་ར་གིས་ སྐྱེལ་འདྲེན་འབད་དོ་ཟེར་ཨིན་པས།
རིན་བསྡུར་གྱི་ འཛིན་སྐྱོང་པ་ རྣམ་རྒྱལ་དབང་ཕྱུག་གིས་ སླབ་མིའི་ནང་ ན་ཧིང་དང་ཕྱདཔ་ད་ དུས་ཅི་གི་ གོང་ཚད་ཉུང་རུང་ རྒྱ་གར་གྱི་ ཀེ་བའི་གོང་ཚད་དང་ཕྱད་པ་ཅིན་ མཐོ་ཤོས་ཨིནམ་ད་ གོང་ཚད་མར་བབས་འགྱོ་མི་དེ་ཡང་ རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་ལས་ ཀེ་བ་འབོར་ཆེ་ཏོག་ཏོ་སྦེ་ ཐོན་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོང་གིས་ ཀེ་བ་ཚུ་ ནེ་པཱལ་ལུ་ ཕྱིར་ཚོང་འཐབ་དོ་ཡོད་རུང་ དར་ཇི་གླིང་ལུ་ སྟབས་མ་བདེཝ་ཐོན་མི་ལུ་བརྟེན་ དུས་ཅི་ ཕྱིར་ཚོང་འཐབ་མ་ཚུགས་ཟེར་ཨིནམ་ད་ རིན་བསྡུར་འབད་བའི་སྐབས་ ཀེ་བ་སྦོམ་དང་ བར་མའི་རིགས་ལུ་ དཀའ་ངལ་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཀེ་བ་ཆུང་ཀུ་ཚུ་གི་དོན་ལུ་ ད་ལྟོ་ ཚོང་སྒྱུར་འཐབ་ནིའི་ དུས་ཚོད་མེནམ་ལས་ མི་ཚུ་གིས་ ཀེ་བ་ཆུང་ཀུ་ཚུ་ འབག་ནི་ལས་ འཛེམ་དགོཔ་སྦེ་ རྒྱང་བསྒྲགས་ཀྱི་ཐོག་ལས་ གསལ་བསྒྲགས་འབད་ཡི་ཟེར་ ཨིན་རུང་ ཁྱིམ་ནང་ ཀེ་བ་ཚུ་ རུལཝ་འགྱོཝ་མས་ཟེར་སླབ་སྟེ་ འབག་འོང་དོ་ཡོདཔ་ལས་ རིན་བསྡུར་འབད་བྱིན་དོ་ཟེར་ཨིན་པས།
རྣམ་རྒྱལ་དབང་ཕྱུག་གིས་ སླབ་མིའི་ནང་ ཀེ་བ་ཆུང་ཀུ་ཚུ་ སོན་སྦེ་ ལག་ལེན་འཐབ་དོ་ཡོདཔ་ལས་ རིན་བསྡུར་དེ་ཡང་ སྤྱི་ཟླ་༩ པ་དེ་ཅིག་ལས་ འགོ་བཙུགས་ཏེ་ ཟླ་༡༢ པ་ཚུན་ འབད་དོ་ཟེར་ཨིནམ་ད་ གོང་ཚད་ཀྱི་ཐད་ཁར་ ཀེ་བའི་སྤུས་ཚད་དང་འཁྲིལ་ འགྱོཝ་མས་ཟེར་ཨིན་པས།
རྒྱ་གར་ལས་ ཀེ་བ་ཉོ་མི་ རུསི་ཏམ་ ཧག་གིས་ སླབ་མིའི་ནང་ འབྲུག་ལས་ ཀེ་བའི་ཚོང་འབྲེལ་འཐབ་སྟེ་ ལོ་ངོ་༡༨ དེ་ཅིག་ ལང་ཡི་ཟེར་ཨིནམ་ད་ རྒྱ་གར་ལས་ ཀེ་བ་འབོར་ཆེ་ཏོག་ཏོ་སྦེ་ཐོན་རུང་ འབྲུག་པའི་ཀེ་བ་ལུ་ གདམ་ཁ་རྐྱབ་དགོ་མི་དེ་ཡང་ ཟ་བའི་སྐབས་ བཅུད་ཡོད་པའི་ཁར་ རྫས་སྦྱོར་ཚུ་ ལག་ལེན་མ་འཐབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་གིས་ འབྲུག་པའི་ཀེ་བ་སྦོམ་ཚུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༧ རེ་སྦེ་ ཉོ་དོ་ཡོད་རུང་ དེ་ལུ་ ཁེ་སང་མེད་མི་དེ་ཡང་ བརྒྱ་ཆ་༣ འབྲུག་བཟའ་སྤྱོད་ལས་འཛིན་དང་ དངུལ་ཀྲམ་༣.༥༠ ལས་མི་ དེ་ལས་ དོས་གླ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡.༣༠ རེ་ སྤྲོད་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་ལས་ འབྲུག་མི་ཚུ་གིས་ ཀེ་བ་ཕད་ཙེ་ནང་ འདེགས་པའི་སྐབས་ ལེགས་ཤོམ་སྦེ་ མ་བསྡམ་མི་དེ་གིས་ཡང་ གོང་ཚད་ལུ་ གནོདཔ་མས་ཟེར་ཨིནམ་ད་ ཀེ་བ་ཆེ་ཆུང་མེད་པར་ སླ་བསྲེས་ནི་མེན་པར་ སོ་སོར་སྦེ་ ཕྱི་སེལ་རྐྱབ་ཚུགས་པ་ཅིན་ ཕན་ཐོགས་ནི་མས་ཟེར་ཨིནམ་ད་ ཁོ་གིས་ ཀེ་བ་ཚུ་ རྒྱ་གར་ལུ་ བཙོང་པའི་སྐབས་ ཀཱུན་ཊཱལ་༡ ལས་ ཁེ་སང་དངུལ་ཀྲམ་༣༠ དང་ ཊཱན་༣ ལས་ དངུལ་ཀྲམ་༩༠༠ རྐྱངམ་གཅིག་ ཡོད་ཟེར་ཨིན་པས།
ཀེ་བ་ཉོ་མི་ལ་ལོ་ཅིག་གིས་ སླབ་མིའི་ནང་ མི་ཚུ་གིས་ དུས་ཅི་ ཀེ་བ་ཆུང་ཀུ་ཚུ་ལུ་ གོང་ཚད་ལེགས་ཤོམ་ མིན་འདུག་ཟེར་ སླབ་ནི་འདུག་ཟེར་ཨིནམ་ད་ གོང་ཚད་ལེགས་ཤོམ་མེད་མི་དེ་ཡང་ རྒྱ་གར་གྱི་ མི་ཚུ་གིས་ ཀེ་བ་ཚུ་ དི་ཝ་ལི་རྫོགས་ཞིནམ་ལས་ བཙུགས་དོ་ཡོདཔ་ལས་ དེ་བསྒང་ ཀེ་བ་ཆུང་ཀུ་ཚུ་ ཉོ་མི་འོང་དོ་ཡོདཔ་མ་ཚད་ གོང་ཚད་ཡང་ ལེགས་ཤོམ་འཐོབ་ཚུགས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཁང་ནང་ ཀེ་བའི་རིན་བསྡུར་དེ་ སྤྱི་ཟླ་༦ པ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ ཀེ་བ་ཊཱག་༡༠༠ ལྷགཔ་ཅིག་ རིན་བསྡུར་འབད་ཡོད་པའི་གནས་ཚུལ།
བསམ་ལྗོངས་ལས་ སྐལ་བཟང་དབང་ཕྱུག།