ཀུན་གྱི་ཉེན་སྲུང་དོན་ལུ་ མནོ་བསམ་གཏང་དགོཔ།

༉ འབྲུག་གིས་ ཀོ་བེགསི་མཐུན་རྐྱེན་དང་ མཉམ་རོགས་གོང་འཕེལ་རྒྱལ་ཁབ་ཚུ་ལས་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་མ་འདྲཝ་ དཔྱེ་འབད་བ་ཅིན་ མོ་ཌར་ན་དང་ ཕའེ་ཟར་ དེ་ལས་ ཨེསི་ཊ་ཛི་ནི་ཀ་ཚུ་ གྲོགས་རམ་སྦེ་ཐོབ་ཡོད་རུང་ འཛམ་གླིང་གསོ་བའི་ལས་ཚོགས་དང་འཁྲིལཝ་ད་ སྨན་ཁབ་སླ་བསྲེས་བཙུགས་ནི་དེ་ འཕྲོད་བསྟེན་ལུ་ ཉེན་སྲུང་མེད་པའི་ ཉེན་བརྡ་འབདཝ་ཨིན་མས།

ཨིན་རུང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཚན་རིག་མཁས་མཆོག་ཚུ་གིས་ ཡོངས་འབྲེལ་གསལ་བཀོད་ཞལ་འཛོམས་ནང་ ཚ་གྱང་ཡོད་ལུགས་ཚུ་ བཤད་མི་དེ་ ད་ལྟོ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ གཞུང་འབྲེལ་ཐོག་ལས་ གཏན་འཁེལ་མ་བཟོཝ་ཨིན་མས།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་དང་ གསོ་བ་བློན་པོ་གིས་ སྨན་ཁབ་ལས་རིམ་ཐེངས་༢ པའི་ནང་ སྨན་ཁབ་མ་འདྲཝ་སྦེ་ བཙུགས་ཚུགས་པ་ཅིན་ ཕན་ནུས་ཡོདཔ་སྦེ་ ཁས་ལེན་འབདཝ་ཨིན་མས།

རྒྱལ་ཡོངས་སྨན་ཁབ་ཐབས་རིག་གྲོས་སྟོན་སྡེ་ཚན་གྱི་ འཐུས་མི་ཚུ་གིས་འབད་རུང་ ཐབས་ལམ་དེ་ལུ་ རྒྱབ་སྐྱོར་ཡོད་མི་དེ་ཡང་ ནད་འབུབ་ཀོ་རོ་ན་བའེ་རཱསི་གི་ ཁྱད་རྣམ་འགྱུར་བཅོས་སོང་བའི་ཁར་ ཁྱབ་སྤེལ་མགྱོགས་དྲགས་འགྱོ་མི་ ནད་འབུབ་ཌེལ་ཊ་བེ་རན་ཟེར་མི་དེ་ལས་ མི་ཚུ་ཉེན་སྲུང་འབད་ནིའི་དོན་ལུ་ སྨན་ཁབ་སླ་བསྲེས་བཙུགས་ནི་དེ་ ཕན་ནུས་ཡོད་པའི་ རྒྱབ་སྣོན་འབདཝ་ཨིན་མས།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ འབྲུག་གིས་ མོ་ཌར་ན་སྨན་ཁབ་༥༠༠,༠༠༠ དང་ ཕའེ་ཟར་སྨན་ཁབ་༥,༨༥༠ ཐོབ་ཡོད་མི་དང་བསྟུན་ སྨན་ཁབ་ཐེངས་༢ པ་བཙུགས་ནིའི་དོན་ལུ་ གྲ་སྒྲིག་ཡོདཔ་ཨིན་མས།

མ་གཞི་ སྨན་ཁབ་ཐེངས་༢ པ་ བཙུགས་རན་ནི་ལུ་ ཉིནམ་དག་པ་ཅིག་ཡོདཔ་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ གལ་སྲིད་ ཉེན་སྲུང་མེད་པའི་ སྒྲུབ་བྱེད་ངེས་བདེན་འཐོན་པ་ཅིན་ སྨན་ཁབ་ཐེངས་༢ པ་དེ་ སླ་བསྲེས་བཙུགས་ནི་ལས་ བཀག་ཐབས་འབད་དགོ་པའི་ ཉེན་བརྡའི་བཀའ་རྒྱ་ཅིག་ བཏོན་ཚུགས་པའི་རེ་བ་ཡོད།

གཞུང་གི་ཁ་ཐུག་ལས་ སྨན་ཁབ་སླ་བསྲེས་ཏེ་ བཙུགས་ནིའི་གནད་དོན་ཐོག་ལུ་ གྲོས་ཐག་མི་གཅད་ནི་ཨིན་མས།

འབྲུག་གི་མི་འབོར་དོན་ལུ་ སྨན་ཁབ་ཚུ་ ལངམ་སྦེ་ཡོད་པའི་ཁར་ ལ་ལོ་ཅིག་ ལྷོད་པའི་བསྒང་ཡོདཔ་ད་ ཚན་རིག་ཐོག་ལས་ དམིགས་བསལ་དུ་ ནད་འབུབ་ཌེལ་ཊ་བེ་རན་གྱི་དོན་ལུ་ སྨན་ཁབ་སླ་བསྲེས་བཙུགས་པ་ཅིན་ ཕན་ནུས་སྦོམ་ཡོད་པའི་ སྒྲུབ་བྱེད་ཐོན་ཡོདཔ་མ་ཚད་ སྨན་ཁབ་སླ་བསྲེས་བཙུགས་ནི་དེ་ གསརཔ་ཅིག་མེན་པས།

གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཚུ་གིས་ སྨན་ཁབ་སླ་བསྲེས་ཏེ་ བཙུགས་ཡོདཔ་བཞིན་དུ་ མིང་གཏམ་ཅན་གྱི་ འཛམ་གླིང་དབུ་ཁྲིདཔ་ཚུ་གིས་ཡང་ སྨན་ཁབ་སླ་བསྲེས་ཏེ་བཙུགས་ནུག།

གསོ་བ་བློན་པོ་གིས་ སྨན་ཁབ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ ཤེས་རྟོགས་ཡོད་མི་ལུ་བརྟེན་ མི་མང་གིས་ སྨན་ཁབ་བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་གནང་ཟེར་ ནན་སྐུལ་འབདཝ་ཨིན་མས།

གཞུང་གིས་ འབྲུག་གི་མི་འབོར་ཆ་མཉམ་ར་ སྨན་ཁབ་བཙུགས་ཚུགསཔ་འབད་ནིའི་དོན་ལུ་ ཐབས་ལམ་སྣ་ཚོགས་སྒོ་ལས་ སྨན་ཁབ་ལངམ་སྦེ་ མཁོ་སྒྲུབ་འབད་མི་དང་བསྟུན་ རང་གི་ཉེན་སྲུང་དོན་ལུ་ ངེས་པར་དུ་ བཙུགས་དགོཔ་ཨིན།

ནད་ཡམས་འདི་དང་འཁྲིལཝ་ད་ ཆ་མཉམ་ར་ ཉེན་སྲུང་ཡོདཔ་སྦེ་མ་བཟོ་ཚུན་ རྒྱལ་ཡོངས་ཉེན་སྐྱོབ་འབད་མི་ཚུགས་ནི་ཨིནམ་ལས་  སྨན་ཁབ་བཙུགས་ནི་ལས་ བཤོལ་མ་བཞག་པར་ ཚུལ་མཐུན་ངོས་ལེན་འབད་དགོཔ་འདུག།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *