༉ མོང་སྒར་ཕུཊ་བཱོལ་རྩེད་ཐང་གི་ སྦོ་ལོགས་ཁར་ཡོད་པའི་ བཱསི་ཀེཌ་བཱོལ་རྩེད་ཐང་ནང་སྦེ་ མི་དབང་རྒྱལ་སྲས་མཆོག་གི་ བཱསི་ཀེཌ་བཱོལ་རྩེད་འགྲན་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་ མཐའ་བཅད་འགྲན་བསྡུར་འབད་ཐོག་ལས་ མཇུག་བསྡུ་ཡི།
ཀིངསི་ཡུ་ནའེ་ཊེཌ་དང་ ཕུན་སུམ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ ཀིངསི་ཡུ་ནའེ་ཊེཌ་གིས་ སྐོར་ཐེངས་༤ པའི་ནང་ སྐུགས་༥༩ ཐོབ་སྟེ་ རྒྱལ་ཁ་ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༣༨ ལས་བརྒལ་ཐོབ་མ་ཚུགས།
དེ་བཟུམ་སྦེ་ ཨམ་སྲུའི་སྡེ་ཚན་ནང་ལས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་དཔོན་ཨམ་སྲུ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཤེས་རབ་རྩེ་གིས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ བཀྲིས་སྒང་དང་ མོང་སྒར་རྫོང་ཁག་༢ ལས་ ཨམ་སྲུ་སྡེ་ཚན་༤ གིས་ བཅའ་མར་གཏོགས་ནུག།
རྒྱལ་ཁ་ཐོབ་མི་སྡེ་ཚན་ཚུ་ལུ་ དངུལ་རྐྱང་གི་གསོལ་རས་དང་ རྟགས་མ་ཚུ་ཡང་ བྱིན་ཡི།
རྫོང་ཁག་༢ ལས་ ཕོ་སྐྱེས་སྡེ་ཚན་༡༣ གྱིས་ བཅའ་མར་གཏོགས་ཡོདཔ་ད་ རྩེད་འགྲན་དེ་ སྒེར་སྡེ་ཅིག་གིས་ མི་དབང་རྒྱལ་སྲས་མཆོག་ལུ་ གུས་བཏུད་ཞུ་ནིའི་དོན་ལས་ སྤྱི་ཟླ་༨ པའི་ཚེས་༢༧ ལས་ འགོ་བཙུགས་ཡོདཔ་ད་ རྩེད་འགྲན་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།