ཀ་ལིམ་སྤོང་ལུ་ དཔེ་ཆ་ལྷབ་མི་ འབྲུག་པའི་སློབ་ཕྲུག་ཚུ་ ཚ་གྱང་ལང་ཡོདཔ།

༉ རྒྱ་གར་རི་ལྡན་ས་ཁོངས་ཚུ་ནང་ ཇི་ཇེ་ཨེམ་ཟེར་མི་ གོར་ཁ་ ཇཱན་མུག་ཏི་ མོར་ཅ་སྡེ་ཚན་གྱིས་ ངོ་རྒོལ་འགྲེམས་སྟོན་འབད་བཞིན་དུ་ཡོད་མི་ལུ་བརྟེན་ ཀ་ལིམ་སྤོང་ལུ་ མཐོ་རིམ་ཤེས་ཡོན་སྦྱང་མི་ འབྲུག་པའི་སློབ་ཕྲུག་༥༠ ལྷགཔ་ཅིག་ ཁོང་རའི་ མཐོ་རིམ་སློབ་གྲྭ་ཚུ་ནང་ ལོག་འགྱོ་མ་ཚུགས་པར་ ཐོགས་ལུས་ཡོདཔ་ཨིན་པས།
ཇི་ཇེ་ཨེམ་གྱི་ ངོ་རྒོལ་འགྲེམས་སྟོན་ འགོ་བཙུགས་པའི་ཤུལ་ལས་ ཀ་ལིམ་སྤོང་གཞུང་གི་ མཐོ་རིམ་སློབ་གྲྭ་ནང་ ཤེས་ཡོན་སྦྱང་པའི་བསྒང་ཨིན་མི་ འབྲུག་མི་སློབ་ཕྲུག་༥༧ དང་ རོག་བེ་ལི་མཐོ་རིམ་སློབ་གྲྭ་ནང་ དཔེ་ཆ་ལྷབ་མི་ སློབ་ཕྲུག་༧ སྤྱི་ཟླ་༦ པའི་ནང་ སྲུང་སྐྱོབ་ཐོག་ལས་ ཕུན་ཚོགས་གླིང་ལུ་ ཁྱིད་བསྐྱལ་ཡོདཔ་ཨིན་པས།
ད་རུང་ སློབ་ཕྲུག་སྡེ་ཚན་གཞན་༡ ཤུལ་ལས་ སྲུང་སྐྱོབ་ཐོག་ལུ་ ཁྱིད་འོང་ཡོདཔ་ད་ སློབ་ཕྲུག་ལེ་ཤ་ཅིག་ར་ ལག་ལེན་དངོས་བསྟར་གྱི་ ཆོས་རྒྱུགས་མ་རྐྱབ་པར་ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་ཨིན་པས།
ཀ་ལིམ་སྤོང་མཐོ་རིམ་སློབ་གྲྭ་ནང་ ཤེས་ཡོན་སྦྱང་མི་ ལོ་ངོ་གསུམ་པའི་སློབ་ཕྲུག་ ཐུབ་བསྟན་དབང་ཕྱུག་དེ་ ད་ལྟོ་ དཔག་བསམ་ཁ་ལུ་ སྡོད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ངོ་རྒོལ་འགྲེམས་སྟོན་དེ་ ཞི་ནི་མེད་པར་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་མི་ལུ་བརྟེན་ ཚ་གྱང་ལང་ཡོད་ཟེར་ཨིན་པས།
ད་ལྟོ་ ང་བཅས་སློབ་ཕྲུག་༢༠ དེ་ཅིག་ མཐོ་རིམ་སློབ་གྲྭ་ནང་ ལོག་འགྱོ་ནིའི་དོན་ལུ་ སྒུག་སྟེ་ཡོད་ཟེར་ ཁོ་གིས་ བཤད་པའི་ཁར་ སློབ་ཕྲུག་གསརཔ་ འཛུལ་ཞུགས་འབད་མི་ཚུ་ཡང་ ཁོང་བཟུམ་སྦེ་ར་ སྒུག་སྟེ་ཡོདཔ་འོང་ཟེར་ བཤདཔ་ཨིན་པས།
ཐུབ་བསྟན་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་གིས་ ཁོ་རའི་ མཐོ་རིམ་སློབ་གྲྭ་ནང་ གཙུག་ལག་ལེགས་སྦྱར་བ་༡ དང་ འབྲེལ་བ་འཐབ་པའི་སྐབས་ གནས་སྟངས་དེ་ ཟླཝ་འདི་ནང་ ལེགས་ཤོམ་འགྱོ་འོང་ཟེར་ སླབ་ཨིན་རུང་ སློབ་ཕྲུག་ཚུ་ གནས་སྟངས་ལེགས་ཤོམ་འགྱོཝ་ད་རྐྱངམ་གཅིག་ཤོག་ཟེར་ སླབ་དེས་ཟེར་ཨིན་པས།
ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་ བཀའ་ཁྲིམས་ལས་ཁུངས་ཀྱི་མདོ་ཆེན་ བཀྲིས་དཔལ་འབྱོར་གྱིས་ སླབ་མིའི་ནང་ ད་ལྟོའི་གནས་སྟངས་བཟུམ་ཅིག་ནང་ སློབ་ཕྲུག་ཚུ་ ལམ་འགྲུལ་འབད་ནི་དེ་ ཉེན་སྲུང་མེདཔ་ལས་ མ་འགྱོ་བ་ཅིན་ དྲག་འོང་ཟེར་ཨིན་པས།
མ་གཞི་ རྒྱ་གར་གྱི་ མཉམ་རོགས་འགོ་དཔོན་ཚུ་གིས་ བདུན་ཕྲག་༡ དེ་ཅིག་གི་ཧེ་མར་ བཀའ་ཁྲིམས་ལས་ཁུངས་ལུ་ རི་ལྡན་ས་ཁོངས་ཚུ་ནང་ བྲེལ་ཟིང་གི་ གནས་སྟངས་ཚུ་ ལེགས་ཤོམ་འགྱོ་འོང་ཟེར་ སྙན་ཞུ་འབད་ཡོད་རུང་ ཉེན་སྲུང་གནས་སྟངས་དེ་ གློ་བུར་དུ་ བསྒྱུར་བཅོས་འགྱོ་དོ་ཡོདཔ་ལས་ ག་དེ་སྦེ་ འགྱོ་འོང་ག་ སླབ་མི་ཤེས་པས་ཟེར་ བཀྲིས་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།
སློབ་ཕྲུག་གི་ ཕམ་ཚུ་གི་ ཁ་ཐུག་ལས་འབད་རུང་ དར་ཇི་གླིང་དང་ ཀ་ལིམ་སྤོང་ལུ་ གནས་སྟངས་ཚུ་ བརྟག་ཞིབ་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
དར་ཇི་གླིང་ ནོརཔོ་པེ་ཡེནཊ་ལུ་ སེནཊ་ཇོ་སེབ་མཐོ་རིམ་སློབ་གྲྭའི་ སློབ་རིམ་༡༢ པའི་ནང་ དཔེ་ཆ་ལྷབ་མི་ འབྲུག་གི་སློབ་ཕྲུག་༥ དང་ སློབ་རིམ་༡༠ པའི་ སློབ་ཕྲུག་༡ སྤྱི་ཟླ་༨ པའི་ཚེས་༢ ལུ་ སི་ལི་གུ་རི་ མ་ཏི་ག་ར་ལུ་ སློབ་ཁང་ནང་འགྱོ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དེ་ཡང་ བཀོད་ཚོགས་ཆོས་རྒྱུགས་རྐྱབ་མི་ སློབ་ཕྲུག་ཚུ་གི་དོན་ལུ་ མཐོ་རིམ་སློབ་གྲྭ་གིས་སྦེ་ སི་ལི་གུ་རི་ལུ་ སློབ་སྟོན་འབད་ནི་གི་ གྲ་སྒྲིག་འབད་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ནང་ ནུབ་བེང་གཱལ་གཞུང་གིས་ རི་ལྡན་ས་ཁོངས་ཀྱི་ མཐོ་རིམ་སློབ་གྲྭ་ཚུ་ནང་ ཨིན་ཅི་མིན་ཅི་ བེང་ག་ལིའི་ཁ་སྐད་ སློབ་སྟོན་འབད་དགོཔ་སྦེ་ གསལ་བསྒྲགས་འབད་མི་དེ་ལུ་ མི་སེར་ཚུ་གིས་ རྒྱབ་འགལ་སྒྲིང་སྒྲི་འབད་ཡོདཔ་མ་ཚད་ གོར་ཁ་ ཇཱན་མུག་ཏི་ མོར་ཅ་སྡེ་ཚན་གྱིས་ ངོ་རྒོལ་འགྲེམས་སྟོན་ འགོ་བཙུགས་ཡོད་པའི་གནས་ཚུལ།

About admin

Check Also

རྒྱལ་ཁབ་ནང་ དཔུང་ཤུགས་འགྲན་བསྡུར་ཐེངས་༡ པ་ འགོ་འདྲེན་འཐབ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ལས་ སྐྱེས་ལོ་༣༨ ལང་མི་ ལྷཔ་ཅུ་གིས་ ལག་པའི་དཔུང་ཤུགས་འགྲན་བསྡུར་ འགོ་འདྲེན་འཐབ་མིའི་ནང་ལས་ ཨང་དང་པ་ ཐོན་ཡོདཔ་ཨིན་པས། ཁོ་གིས་ མཐའ་བཅད་འགྲན་བསྡུར་དང་ མོང་སྒར་ལས་ སྐྱེས་ལོ་༢༩ ལང་མི་ པདྨ་དབང་འདུས་དང་གཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *