ཆུ་བྱག་རྐྱབ་རུང་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆུ་རུད་ཀྱིས་ འཕྱགས་བདའ་དོ་ཡོདཔ་ཨིན་མས།

ཀ་ལི་ཁོ་ལ་གཙང་ཆུའི་ ཉེ་འདབས་ལས་ཕར་སྡོད་མི་ཚུ་ ཆུ་རུད་ཀྱི་ཉེན་ཁ་ཐོག་ལུ་ སྡོད་དོ་ཡོདཔ།

༉ སྤྱི་ལོ་༡༩༩༠ གོ་གྲངས་དེ་ཅིག་ཁར་ སྐྱེས་ལོ་༥༧ ལང་མི་ མོ་ཏི་ལཱལ་གུ་རུང་གི་ ས་ཆ་ཨེ་ཀར་༤ ཆུ་རུད་ཀྱིས་མེདཔ་བཏང་མི་དེ་ ལོ་ངོ་བཅུ་ཕྲག་༢ ཀྱི་རྒྱབ་ལས་ སྤྱི་ལོ་༢༠༡༩ ལུ་ ཨེ་ཀར་༢.༩ ས་ཚབ་ཐོབ་ཡོདཔ་ཨིན་པས།

ཆུ་རུད་ཀྱི་ཉེན་ཁ་ བཀག་ཐབས་འབད་ནིའི་དོན་ལུ་ ཐབས་ལམ་དེ་ཅིག་ར་ མ་བཏོན་པར་ཡོདཔ་ལས་ ས་གནས་ནང་སྡོད་མི་ཚུ་ གནམ་བྱཱར་ཨ་རྟག་ར་ ཆུ་རུད་འཐོན་ནིའི་ཉེན་ཁ་ཐོག་ སྡོད་དགོ་དོ་ཡོདཔ་ཨིན་པས།

ཁོ་རང་ གཙང་ཆུ་ལས་ མི་ཊར་༥༠ གི་ས་ཁར་སྡོད་དོ་ཡོདཔ་ད་ ཁོ་གི་ཞིང་ཚུ་ག་ར་ གཙང་ཆུའི་མཐའམ་བདའ་སྟེ་ཡོདཔ་ལས་ ཉེན་ཁ་ཆེ་སུ་སྦེ་ར་ ཡོད་ཟེར་སླབ་ཨིན་པས།

ཆུ་རུད་ལས་ བཀག་ཐབས་འབད་ནིའི་ཐབས་ལུ་ ཆུ་བྱག་རྐྱབ་ཡོད་རུང་ གནམ་བྱཱར་ ཆུ་ཁ་བསྒྱུར་འགྱོཝ་ད་ ཆུ་ག་ར་ གཡུས་ཚན་ནང་ འོང་ནི་འདུག་ཟེར་ཨིན་པས།

ལཱལ་བྷ་དུར་ པར་དཱན་གྱིས་ སྤྱི་འོག་ལས་ཨིན་མི་ མི་སེར་ཚུ་གི་ས་ཆ་ཨེ་ཀར་༥༠ དེ་ཅིག་ སྤྱི་ལོ་༡༩༩༢ ལུ་ ཆུ་རུད་ཐོནམ་ད་ ས་དང་རྡོ་གིས་གང་སྟེ་ མེདཔ་བཏང་ཡོད་རུང་ ས་ཆ་ཚུ་ འཕྱགས་མ་འབག་ནི་དེ་གིས་ ས་ཚབ་ཀྱི་འོས་འབབ་མེདཔ་ལས་ ས་ཚབ་མ་ཐོབ་པར་ ལུས་ཡོདཔ་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཞིང་ལཱ་འབད་མི་ ས་ཆ་ཨེ་ཀར་༡ དེ་ཅིག་ ད་ལྟོ་ཡང་ ས་རུད་ཆད་ཐོན་མིའི་ རྡོ་དང་ས་གིས་གང་སྟེ་ཡོདཔ་ལས་ ནོར་གྱི་གྱང་ས་སྦེ་ ལག་ལེན་འཐབ་དོ་ཟེར་ བཤད་པའི་ཁར་ ཁོ་ལུ་ ཉེན་སྲུང་ཅན་གྱི་ས་ཆ་མེདཔ་ལས་ གཙང་ཆུ་ལས་ མི་ཊར་༤༠༠ དེ་ཅིག་གི་ས་ཁར་ སྡོད་དོ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༦ ལུ་ ས་གནས་གཞུང་གིས་ མི་ཊར་༦༠༠ འབད་མི་ ཆུ་བྱག་རྐྱབ་ཡོད་རུང་ གནམ་བྱཱར་ལུ་ ས་དང་རྡོ་ཚུ་སྤུངས་ནི་དེ་གིས་ ཆུ་ག་ར་ གཡུས་ཁར་ཐོནམ་མས་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ ཅན་ད་ར་ ཤ་ཁེར་ ཀོའི་རི་ལ་གིས་ སླབ་མིའི་ནང་ ཀོའི་ལ་ཊར་དང་ བི་ལེ་ཊར་སྤྱི་འོག་༢ ནང་ ཆུ་རུད་ཀྱི་ཉེན་ཁ་ ཆེ་སུ་སྦེ་ར་ཡོད་ཟེར་ཨིན་པས།

གནམ་བྱཱར་ ཆུ་རུད་འོང་སྟེ་ ནོར་དང་ས་ཞིང་ཚུ་ འཕྱག་བདའ་བའི་འཇིགས་སྣང་གིས་ མི་ཚུ་ ནུབ་མོ་ཞག་ཡང་ སྐྱིད་ ཏོང་ཏོ་སྦེ་ ཉལ་ནི་མེད་ཟེར་ཨིནམ་ད་ ཁྱིམ་གུང་མང་ཤོས་ར་ གཙང་ཆུའི་ཉེ་འདབས་ལས་ཕར་ཡོདཔ་ལས་ གནམ་བྱཱར་ཨ་རྟག་ར་ འཇིགས་སྣང་ཐོག་ལུ་ སྡོད་དོ་ཡོདཔ་ཨིན་པས།

ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ གཙང་ཆུའི་འཇིགས་སྣང་དེ་ ཁོ་རང་ སྐྱེས་ལོ་༩ སྦེ་ སྡོད་པའི་སྐབས་ལས་ར་ འདུག་ཟེར་ཨིནམ་ད་ ད་རེས་ཁོ་རང་ སྐྱེས་ལོ་༣༡ ལང་ཡོདཔ་ལས་ གཡུས་མི་ཚུ་ ད་ལྟོ་ཡང་ དཀའ་ངལ་དེ་དང་གཅིག་ཁར་ སྡོད་དགོ་པས་ཟེར་ ཨིན་པས།

ས་གནས་གཞུང་གི་ འགོ་དཔོན་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ཡང་ གནས་སྟངས་དེའི་སྐོར་ལས་ ཧ་གོ་དོ་ཡོད་རུང་ ཉེན་ཁ་མར་ཕབ་འབད་ནིའི་དོན་ལུ་ ག་ནི་ཡང་ འབད་མ་ཚུགས་པར་ཡོདཔ་ཨིན་པས།

དབང་འཛིན་ཚུ་གིས་ ང་བཅས་ཀྱི་ ཉེན་སྲུང་དོན་ལུ་ ཐབས་ལམ་བཏོན་ནིའི་ དུས་ཚོད་རན་ཡི་ཟེར་ ཁོ་གིས་བཤད་པའི་ཁར་ བི་ལེ་ཊར་ལུ་ གུང་པ་༡༥ དང་ ཀོའི་ལེ་ཊར་ལུ་༡༣ ཡོདཔ་ད་ གཙང་ཆུའི་རྐ་ རྡོ་རོ་ནང་གི་ཉེ་འདབས་ལུ་ཡང་ ཁྱིམ་གུང་པ་༥ ཡོདཔ་ཨིན་པས།

ས་གནས་ནང་སྡོད་མི་ཚུ་གིས་ སླབ་མིའི་ནང་ གནད་དོན་དེའི་སྐོར་ལས་ འགོ་དཔོན་དང་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ བཅར་ཏེ་ འབད་རུང་ ངོས་ལེན་ཅིག་མིན་འདུག་ཟེར་ཨིན་པས།

དཀའ་ངལ་དེ་ བསལ་ནིའི་དོན་ལུ་ ཐབས་ལམ་འཇམ་ཤོས་ར་ ཆུ་བྱག་སྒྲིང་སྒྲི་ཅིག་ ཆུ་རུད་འོང་བའི་སྐབས་ ཉེན་སྲུང་འབད་ ཚུགས་མི་ཅིག་ལས་ རྐྱབ་དགོཔ་མེད་ཟེར་ ས་གནས་ནང་སྡོད་མི་ཅིག་གིས་ སླབ་ཨིན་པས།

པར་དཱན་གྱིས་ སླབ་མིའི་ནང་ གཡུས་མི་ཚུ་གིས་ཡང་ རྒྱབ་སྐྱོར་འབད་ནི་ལུ་ གྲ་སྒྲིག་ཡོདཔ་ལས་ ཆུ་བྱག་སྦོམ་རྐྱབ་པ་ཅིན་ ཕན་ཐོགས་ནི་མས་ཟེར་ཨིན་པས།

ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ གནམ་བྱཱར་ལུ་ གཙང་ཆུ་དེ་གིས་ མཐོ་ཚད་མི་ཊར་༢༠༠ དེ་ཅིག་ སྦོམ་འོང་ནི་འདུག་ཟེར་ ཨིནམ་ད་ གཡུས་ཚན་༤ གི་ལྟག་ལུ་ཡོད་མི་ ཞིང་ཆུའི་གཡུར་བ་དེ་ལས་ཡང་ ཉེན་ཁ་འདུག་ཟེར་ཨིན་པས།

ཞིང་ཆུའི་གཡུར་བ་དེ་ རྦད་འོང་པ་ཅིན་ དེ་གིས་ཡང་ དེ་ནང་སྡོད་མི་ཚུ་ལུ་ ཉེན་ཁ་འདུག་ཟེར་ཨིནམ་ད་ གཡུས་མི་ཚུ་གིས་འབད་བ་ཅིན་ སྤྱི་ཚོགས་ཀྱི་འཐུས་མི་དང་ ཞབས་ཏོག་བློན་པོ་གིས་ ས་ཁོངས་དེ་ནང་འོང་སྟེ་ རྒྱབ་སྐྱོར་འབད་ནི་ཟེར་ སླབ་ཡོད་རུང་ ད་རེས་འབདཝ་ད་ ཆ་རོགས་འབད་མི་ཚུགས་ནི་མས་ཟེར་ སླབ་དེས་ཟེར་ཨིན་པས།

མི་ཚུ་གིས་ སླབ་མིའི་ནང་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ གཞུང་ལྟེ་བ་ལས་ གྲོགས་རམ་ལེན་དགོ་པའི་ བསླབ་བཀོད་བྱིན་ཏེ་ཡོད་ཟེར་ཨིན་པས།

ལྷ་མོའི་རྫིང་ཁ་རྒཔོ་ སུ་རཇ་བྷ་དུར་ལིམ་བུ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ ཆུ་རུད་འོང་ནིའི་ཉེན་ཁ་དེ་ ཡར་སེང་འགྱོཝ་མས་ཟེར་ཨིནམ་ད་ མི་སེར་ཚུ་ལུ་ ཉེན་ཁ་ཡོདཔ་ལས་ ས་གནས་གཞུང་གིས་ ཞབས་ཏོག་ལྷན་ཁག་ལུ་ཡང་ སྙན་ཞུ་འབད་ཡོད་པའི་ཁར་ རྫོང་ཁག་ཚོགས་འདུའི་ ཚོགས་རིམ་མང་རབས་ཅིག་ནང་ཡང་ གྲོས་བསྡུར་བྱུང་ཡི་ཟེར་ཨིན་པས།

ཨིན་རུང་ ད་རེས་ཀྱི་ འཆར་ལོ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ བཀག་ཐབས་ཀྱི་ལཱ་ཚུ་ འབད་ ནིའི་དོན་ལུ་ མ་དངུལ་མེད་པའི་སྐོར་ལས་ བརྡ་སྤྲོད་འབད་དེས་ཟེར་ཨིནམ་ད་ གཙང་ཆུ་ཁ་བསྒྱུར་ནིའི་དོན་ལུ་ རྡོ་བཏོན་ནི་དང་ ས་བརྐོ་ནིའི་ལཱ་ཚུ་འབད་ཡོད་རུང་ གནམ་བྱཱར་ལུ་ ཉེན་ཁ་དེ་ སྦོམ་ར་འདུག་ཟེར་ རྒཔོ་གིས་བཤད་ཅི།

བྱང་རྩིག་རྐྱབ་ཡོད་མི་དེ་གིས་ ཕན་མ་ཐོགས་མི་དེ་ཡང་ རྡོ་རག་རོ་དང་ འདམ་ཚུ་འོངམ་ད་ བཀག་འཛིན་འབད་མི་མེདཔ་ལས་ ག་ར་བྱང་རྩིག་གུ་ལྷོདཔ་ད་ གང་སྟེ་འདུག་ཟེར་ཨིན་པས།

རྒཔོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་རུད་ཀྱིས་ གནོད་པ་བྱུང་མི་ ཁྱིམ་གུང་ཚུ་ལུ་ ས་ཚབ་ཐོབ་སྟེ་ཡོད་ཟེར་ཨིནམ་ད་འཕྲལ་ཁམས་ཅིག་ཁར་ ཉེན་ཁ་ཆེ་སུ་ཡོད་མི་ ས་ཁོངས་ནང་ཡོད་མི་ ཁྱིམ་གུང་པ་༢ ཡང་ སྤོ་འགྱོ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *