ཀ་ཊར་ལུ་ འགྱོ་ཆོག་པའི་ སྐྱོད་ཐམ་བྱིན་མི་ལུ་ ཞིབ་དཔྱད་འབད་དོ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་པའི་ཨམ་སྲུ་༡༠ གྱིས་ ཀ་ཊར་ལུ་འགྱོ་ནི་གི་ དཔའ་བཅམ་པའི་སྐབས་ རྒྱ་གར་ནིའུ་ལྡི་ལི་རྒྱལ་སྤྱི་གནམ་གྲུ་ཐང་ལས་ འགོ་དཔོན་ཚུ་གིས་ སྐྱོད་ཐམ་རྫུས་མ་འཆང་སྤྱོད་འབད་བའི་ དོགས་པ་ལུ་བརྟེན་ བཟུང་ཡོདཔ་ཨིན་རུང་ འབྲུག་གཞུང་གིས་ བར་འཛུལ་དང་ རྒྱབ་སྐྱོར་ཐོག་ ཉིནམ་༤ གི་རྒྱབ་ལས་ ཀ་ཊར་ལུ་ འགྱོ་ཚུགས་ཡོདཔ་ཨིན་པས།

ཨམ་སྲུ་ཚུ་ཡང་ འབྲུག་ལུ་ཡོད་མི་ ཁྲིམས་མཐུན་ལས་སྡེ་ཚུ་དང་ ཐོ་བཀོད་མ་འབད་བར་ མི་ཌཱལ་ཨིསིཊ་ལུང་ཕྱོགས་རྒྱལ་ཁབ་ནང་ ལཱ་འབད་ནི་གི་དོན་ལུ་ རྒྱལ་ཁབ་ནང་ལས་ སོང་ཡོདཔ་ཨིན་པས།

ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ཨམ་སྲུ་ཚུ་ཡང་ སྤྱི་ཟླ་༣ པའི་ཚེས་༡ ལུ་ ཀ་ཊར་ལུ་ འཕུར་འགྲུལ་འབད་བའི་སྐབས་ བདའ་ཟུན་ཡོདཔ་ད་ གཞུང་གིས་ ཀ་ཊར་ལུ་ཡོད་མི་ ལས་སྡེའི་འགོ་དཔོན་ཚུ་དང་ གྲོས་བསྟུན་འབདཝ་ད་ ཨམ་སྲུ་ཚུ་ལུ་ ལཱ་འབད་ནི་གི་ སྐྱོད་ཐམ་ཐོབ་ཡོདཔ་སྦེ་ ཤེས་རྟོགས་བྱུང་མི་དང་འཁྲིལ་ ལཱ་འབད་སའི་ ས་གོ་ནང་ འགྱོ་བཅུག་ཡོདཔ་ཨིན་པས།

ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ ཨམ་སྲུ་ཚུ་ ལཱ་འབད་བར་ འགྱོ་ཆོག་རུང་ ད་ལྟོ་ གནད་དོན་དེ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ད་ གཞུང་གིས་ དོགས་པ་ཅན་གྱི་ ལས་སྡེ་དང་ འབྲེལ་བ་འཐབ་པའི་སྐབས་ ངོས་ལེན་འབད་མ་བཏུབ་ཟེར་ བཤདཔ་ཨིན་པས།

ད་རེས་ ཕྱི་རྒྱལ་ཁབ་ནང་ འགྲུལ་སྐྱོད་འབད་ནི་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་སྒྲིག་གཞི་དམ་དམ་ཡོད་རུང་ ཕྱི་འབྲེལ་བློན་པོ་གིས་ སླབ་མིའི་ནང་ ངོ་རྐྱང་ཚུ་ རྒྱུ་མཚན་ལྡན་པའི་ གནད་དོན་དང་ འགན་ལེན་གྱི་ ཡི་གུ་བྱིན་ཐོག་ལས་ འགྱོ་བཅུག་དོ་ཟེར་ཨིན་པས།

ཨམ་སྲུ་ཚུ་གིས་ གཞུང་ལུ་ ལས་སྡེ་ཚུ་ལས་ རྒྱབ་སྐྱོར་མེད་པར་ ཁོང་ར་གིས་ར་ ལཱ་འཚོལ་ཡོད་རུང་ གལ་སྲིད་ ཨམ་སྲུ་ཚུ་ ཐོ་བཀོད་ཅན་གྱི་ ལས་སྡེ་བརྒྱུད་དེ་ འགྱོ་འགྱོཝ་ཨིན་པ་ཅིན་ གཞུང་གིས་ བར་འཛུལ་མ་འབད་འོང་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤདཔ་ཨིན་པས།

ཁོ་གིས་ བཤད་མིའི་ནང་ འབྲུག་པའི་ལས་མི་ཚུ་ ཧེ་མ་ཡང་ ལས་སྡེ་ཚུ་གིས་ ཐོབ་ཐངས་དང་འབྲེལ་བའི་ དངུལ་སྤྲོད་དང་ མཐུན་རྐྱེན་མ་བྱིན་པའི་ དཀའ་ངལ་ཚུ་ ཐོན་ཡོདཔ་བཞིན་དུ་ གཞུང་གིས་ ལཱ་གཡོག་འཚོལ་མི་ཚུ་ ཕྱི་རྒྱལ་ལུ་ སྟབས་མ་བདེཝ་ མི་འབྱུང་ནིའི་དོན་ལུ་ ཐོ་བཀོད་ཅན་གྱི་ ལས་སྡེ་ཚུ་ལས་བརྒྱུད་དེ་ འགྱོ་དགོཔ་སྦེ་ གསལ་བསྒྲགས་ཡང་བསྐྱར་འབད་དེ་ཡོད་ཟེར་ཨིན་པས།

འབྲུག་མི་ཚུ་ ཕྱི་རྒྱལ་ལུ་ ཁྱིམ་ནང་གི་ ལཱ་འབད་བར་ འགྱོ་མི་ཆོག་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་པའི་ཁར་ ཨམ་སྲུ་ཚུ་ ཚོང་བཙོང་མི་དང་ ཀོ་ཕི་ཚོང་ཁང་ནང་ ལཱ་འབད་དོ་ཡོདཔ་ལས་ ཉེན་སྲུང་དང་ལྡནམ་སྦེ་ཡོད་ཟེར་ བཤདཔ་ཨིན་པས།

ཨིན་རུང་ འབྲུག་མི་ཚུ་གིས་ སྟབས་མ་བདེཝ་ འཐོན་ནི་ཨིནམ་ ཤེས་དགོཔ་མ་ཚད་ གཞུང་གི་གནང་བའི་ཐོག་ལུ་ སོང་མི་ཚུ་ཡང་ འབྱིད་སྐོར་ནང་ ཚུད་ནི་ཡོད་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤདཔ་ཨིན་པས།

བློན་པོ་རྟ་མགྲིན་རྡོ་རྗེ་གིས་འབད་བ་ཅིན་ ཨམ་སྲུ་ཚུ་ ཐོ་བཀོད་ཅན་གྱི་ ལས་སྡེ་བརྒྱུད་དེ་ འགྱོ་ཡོད་པ་ཅིན་ གཞུང་གིས་ དམིགས་བསལ་གྱི་ ལས་སྡེ་རྐྱངམ་གཅིག་ལུ་ ཉེས་ཆད་བཀལ་ནི་ཨིན་རུང་ ཁ་ཙ་ཚུན་ ལས་སྡེ་ཕུད་རྡོག་གཅིག་ཡང་ བདའ་མ་ཟུན་ཟེར་ཨིན་པས།

འདས་པའི་ལོ་ཚུ་ནང་ འབྲུག་པའི་ཨམ་སྲུ་ལེ་ཤ་ཅིག་ར་ མགུ་སྐོར་འོག་ལུ་ ཚུད་ཡོདཔ་ད་ གཞུང་གིས་ དུས་ཅི་ སྤྱི་ཟླ་༡ པའི་ནང་ ཡུ་ཨེསི་ཌོ་ལར་༧༠༠,༠༠༠ བྱིན་ཐོག་ལས་ འབྲུག་མི་ཨམ་སྲུ་༡༦༠ ཨི་རག་ལས་ ལོག་རྒྱལ་ཁབ་ནང་ བཏོན་ཡོདཔ་ཨིན་པས།

ཨི་རག་ལུ་ འབྲུག་མི་ཨམ་སྲུ་བཏང་མི་ ཨམ་སྲུ་༣༢ ལུ་ ཞིབ་དཔྱད་འབད་ཐོག་ལས་ ཉེས་འཛུགས་འབད་དེ་ ཁྲིམས་སར་བསྐྱལ་ཡོདཔ་ཨིན་པས།

ཕྱི་འབྲེལ་བློན་པོ་གིས་ སླབ་མིའི་ནང་ ཕྱི་རྒྱལ་ལུ་ ལཱ་འབད་བར་ འགྱོ་ནིའི་དོན་ལུ་ ཡིག་ཆའི་བྱ་རིམ་དེ་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ འབད་ནི་ཨིནམ་ད་ ཧེ་མ་འབད་བ་ཅིན་ ལས་གཡོག་ལྷན་ཁག་གིས་ འབད་ཡོདཔ་ཨིན་པས།

གཞུང་གིས་ མི་ཌཱལ་ཨིསིཊ་ལུང་ཕྱོགས་རྒྱལ་ཁབ་ཚུ་ལུ་ འབྲུག་གཞུང་ལས་ གཞུང་འབྲེལ་གྱི་ ཡིག་ཆ་བཏོན་པ་ཅིན་རྐྱངམ་གཅིག་ འབྲུག་མི་ལཱ་གཡོག་འཚོལ་མི་ཚུ་ལུ་ ལཱ་འབད་ནིའི་ སྐྱོད་ཐམ་གནང་དགོ་པའི་ ཡིག་ཐོག་ལུ་ ཞུ་བ་འབད་དེ་ཡོད་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *