ཨོལ་ལྐོག་བཏོག་མིའི་ འཐོར་གཏམ་གྱི་ཤུལ་ལས་ ཉེན་སྲུང་ལྟ་རྟོག་ཡར་སེང་འབད་ཡོདཔ།

༉ དར་དཀར་ནང་འཁྱིལ་པའི་ས་རྒེད་འོག་ནང་ ཨོལ་ལྐོག་བཏོག་མི་ ཐོན་ཡོད་པའི་སྐོར་ལས་ འཐོར་གཏམ་ཁྱབ་སྤེལ་སོང་བའི་ཤུལ་ལུ་ ས་གནས་ཀྱི་ མི་སེར་ཚུ་གིས་ སྡེ་ཚན་བཟོ་ཞིནམ་ལས་ སྐོར་སྲུང་ངམ་ ཉེན་སྲུང་ལྟ་རྟོག་འབད་ནི་ ཡར་སེང་འབད་ཡོདཔ་ཨིན་པས།
མ་གཞི་ ཨོལ་ལྐོག་བཏོག་མིའི་སྐོར་ལས་ འཐོར་གཏམ་མ་ཐོན་པའི་ཧེ་མ་ལས་ར་ རྒེད་འོག་དེ་ནང་གི་ ལྷ་ཁང་དང་ དགོན་སྡེ་ཚུ་ནང་རྟེན་ཚུ་ ཉེན་སྐྱོབ་འབད་ནིའི་དོན་ལུ་ ནུབ་ཨ་རྟག་ར་ སྐོར་སྲུང་འབད་ནི་ཡོད་རུང་ ད་རེས་བཟུམ་ཅིག་ ལྟ་རྟོག་འབད་ནི་མེདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ རྒེད་འོག་ནང་ལས་ ཕོ་སྐྱེས་༢ ཀྱིས་ གཡུས་ཚན་ནང་གི་ ལྷ་ཁང་དང་ མཆོད་རྟེན་ཚུ་ སྐོར་སྲུང་འབད་ནི་ཡོད་རུང་ ད་རེས་ནངས་པར་ སྤྱི་འོག་ཚོགས་པ་གིས་ འགོ་ཁྲིད་འབད་དེ་ ཕོ་སྐྱེས་༡༠ དེ་ཅིག་གིས་ ནུབ་མོའི་ཆུ་ཚོད་༨:༣༠ ལས་ དྲོ་པ་ཆུ་ཚོད་༤ ཚུན་ སྐོར་སྲུང་འབད་དོ་ཡོདཔ་ཨིན་པས།
གྱིབ་སའི་ཚོགས་པ་ ཨོ་རྒྱན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༥ ལུ་ ཕོ་སྐྱེས་༢ ཀྱིས་ སྤྱི་འོག་ནང་ མཆོད་རྟེན་སློང་ནི་གི་ དཔའ་བཅམ་ཡོད་རུང་ གླགས་ཁེལ་མ་ཚུགསཔ་ལས་ར་ སྐོར་སྲུངཔ་ཚུ་གིས་ འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་ཡོདཔ་སྦེ་ཨིན་པས།
རྒྱལ་ཁབ་ཀྱི་ ནང་རྟེན་བྱིན་ཅན་ཚུ་ བདག་འཛིན་འཐབ་ནིའི་ འགན་ཁུར་འདི་ ང་བཅས་མི་སེར་ཚུ་ལུ་ ཕོགཔ་ཨིན་ཟེར་ ཨོ་རྒྱན་གྱིས་བཤད་ཅི།
སྐོར་སྲུང་སྡེ་ཚན་གྱིས་ གནམ་ནུབ་མོར་ གཡུས་ཚན་ནང་ལས་ཕར་ ལམ་འགྲུལ་འབད་མི་ཚུ་ བཀག་ཞིནམ་ལས་ དྲི་བ་བཀོདཔ་ཨིན་པས།
འཁྱིལ་པའི་སའི་ རྒཔོ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ རྒེད་འོག་ནང་ ཨོལ་ལྐོག་བཏོག་མི་གི་ འཐོར་གཏམ་ཁྱབ་སྤེལ་སོང་པའི་ཤུལ་ལུ་ ཚོགས་པ་ལུ་ སྐོར་སྲུང་ཡར་སེང་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
རྒཔོ་གིས་འབད་བ་ཅིན་ ཨོལ་ལྐོག་བཏོག་མིའི་ ལོ་རྒྱུས་དེ་ ཐད་རི་བ་རི་ཨིན་མེན་ སླབ་མི་ཚུགས་ནི་ཨིན་རུང་ མི་ལ་ལོ་ཅིག་ མཆོད་རྟེན་སློང་པར་ འོང་ཡོད་པའི་ དོགས་པ་ཡོད་ཟེར་ཨིནམ་ད་ མི་སྡེའི་ནང་འཁོད་ལུ་ འདྲོག་འཇིགས་བྱུང་བཅུག་ནུག་ཟེར་ཨིན་པས།
རྣམ་རྒྱལ་གྱིས་འབད་བ་ཅིན་ བདུན་ཕྲག་ཅིག་གི་ཧེ་མར་ ཕོ་སྐྱེས་༤ ཨ་རྒས་ཅིག་གི་ ཁྱིམ་གདོང་ཁར་ འོང་ཞིནམ་ལས་ ཁོང་གི་སྣུམ་འཁོར་ནང་ལས་ ཅ་ལ་གཏོན་ནི་གི་ ཆ་རོགས་འབད་གནང་ཟེར་ སླབ་ནུག་ཟེར་ཨིན་པས།
དེ་བསྒང་ ཁྱིམ་ནང་ཨ་རྒས་ཁོ་ར་རྐྱངམ་གཅིག་སྡོད་ཡོདཔ་ལས་ ཁོ་གིས་ ཆ་རོགས་འབད་ནི་གི་ ཁག་མ་བཟེད་བར་སྡོདཔ་ད་ ཕོ་སྐྱེས་༤ གིས་ འགྱོ་མ་བཏུབ་ལས་ དོགས་པ་ཆགས་དགོཔ་ བྱུང་ཡོད་རུང་ ཡུདཔ་ཅིག་ལས་ ཡར་སོ་ཡི་ཟེར་ཨིན་པས།
དེ་ཚེ་ནུབ་མོར་ ཚོགས་པ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ ཕོ་སྐྱེས་༤ པོ་དེ་ ག་ཨིན་ན་ ངོས་འཛིན་འབད་ནིའི་ དཔའ་བཅམ་ནུག་ཟེར་ རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
རྩེ་བཟང་རྒེད་འོག་གི་རྒཔོ་ ཕུར་པ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཚངས་ལེགས་ཁ་སྤྱི་འོག་ནང་ མི་སྡེ་ཚན་ཅིག་གིས་ ནུབ་མོར་ བཟའ་ཚང་ཅིག་གི་ སྒོ་བརྡུངས་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ གནམ་ནུབ་མོར་ མི་སེར་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་ནི་ལས་ ག་དེ་དྲག་དྲག་ འཛེམ་དགོཔ་སྦེ་ དྲན་བསྐུལ་འབད་དེ་ཡོད་ཟེར་ རྒཔོ་ཕུར་པ་གིས་ བཤདཔ་ཨིན་པས།
རྒེད་འོག་ནང་ མི་མ་འདྲཝ་དང་ དོགས་པ་ཅན་གྱི་ མི་རེ་འོང་པ་ཅིན་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་དང་ ཡང་ཅིན་ རྒེད་འོག་གི་ འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་དགོཔ་དང་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ བདག་འཛིན་འཐབ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *