༉ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཨོལ་ལྐོག་བཏོག་མིའི་འཐོར་གཏམ་ དར་ཁྱབ་སོང་ཡོདཔ་ལས་ མི་སེར་ཚུ་ ཨ་རྟག་ར་ སེམས་འཇིགས་སྣང་ཐོག་ལུ་སྡོད་དགོཔ་ བྱུང་ཡོད་རུང་ ཁྲིམས་སྲུང་འགག་སྡེ་གིས་འབད་བ་ཅིན་ ལོ་རྒྱུས་དེ་ མ་བདེན་པའི་ འཐོར་གཏམ་ཨིནམ་ལས་ ཚ་གྱང་ལང་ནི་མི་འོང་ཟེར་ཨིན་པས།
བཀྲིས་གཡང་རྩེའི་ ཁྲིམས་སྲུང་འགག་པ་གིས་ འཐོར་གཏམ་ཁྱབ་སྤེལ་འབད་མི་དེ་ འཛིན་བཟུང་འབད་ཡོདཔ་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ད་ ཁམས་དྭངས་རྒེད་འོག་ནང་ ཨོལ་ལྐོག་བཏོག་མི་ ཁེག་པ་འཛུལ་ནུག་ཟེར་ མ་བདེན་པའི་གཏམ་ ཁྱབ་སྤེལ་བཏང་མི་ བེ་རེང་ལུངམ་ཚོགས་པ་ རྡོ་རྗེ་དབང་འདུས་དེ་ འཛིན་བཟུང་འབད་ཡོད་རུང་ གནས་སྐབས་ཅིག་ བར་ན་རྒྱབ་མི་བཙུགས་ཐོག་ལས་ བཏང་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༣ ལུ་ ཚོགས་པ་རྡོ་རྗེ་དབང་འདུས་ཀྱིས་ ཨོལ་ལྐོག་བཏོག་མི་ཨིན་པའི་ དོགས་སྣང་བྱུང་མི་ རྒྱ་གར་གྱི་ མི་ངོ་༢ དང་ འབྲུག་མི་༡ ཁམས་དྭངས་རྒེད་འོག་ནང་ འཛུལ་ཡོད་པའི་སྐོར་ དང་པ་ར་ ཕམ་དང་སློབ་དཔོན་ཟེར་མིའི་ མི་སྡེའི་བརྡ་བརྒྱུད་ ཝི་ཅཱཌ་སྡེ་ཚན་ནང་ སྒྲ་བཟུང་བརྡ་འཕྲིན་བཏང་ཡོདཔ་ཨིན་པས།
ཚོགས་པ་གིས་ ཁམས་དྭངས་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་དཔོན་ཅིག་ལས་ རྒྱབ་སྐྱོར་ལེན་ཐོག་ ཨེམ་པི་ཐི་རིའི་ནང་ སྒྲ་བཟུང་ཞིནམ་ལས་ ཝི་ཅཱཌ་སྡེ་ཚན་ནང་ བཏང་ཡོདཔ་བཞིན་དུ་ སྡེ་ཚན་ནང་ འཐུས་མི་༡༠༢ ལྷགཔ་ཅིག་ཡོདཔ་ལས་ སྒྲ་བཟུང་དེ་ དེ་ཚེ་ནུབ་མོ་ར་ དར་ཁྱབ་སོང་ཡོདཔ་ཨིན་པས།
རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོ་གིས་ སྡེ་ཚན་ནང་ སྒྲ་བཟུང་བཏང་མི་དེ་ མི་ཚུ་གི་སེམས་ཁར་ འཇིགས་སྣང་བཙུགས་ནིའི་དོན་ལུ་མེན་པར་ གཡུས་ཁའི་མི་དང་ ལྷག་པར་དུ་ ཨ་ལོ་ཚུ་གི་ ཚ་གྱང་ཡོད་མི་ལུ་བརྟེན་ཨིནམ་ལས་ དེ་བཟུམ་མའི་ གནས་སྟངས་ལུ་ འགྱུར་ནི་ཨིནམ་ མ་ཤེས་ཟེར་ཨིནམ་ད་ མི་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ སྡོད་ཚུགས་ཐབས་ལུ་ཨིན་རུང་ ད་རེས་ སྟབས་མ་བདེཝ་ ཁོ་ལུ་ བྱུངམ་ཨིན་མས་ཟེར་ སླབ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ ཁྲིམས་འགལ་སྡེ་ཚན་གྱི་ དམག་སྲིད་འོགམ་ བསོད་ནམས་འགན་འཛིན་གྱིས་ སླབ་མིའི་ནང་ སྤྱི་ཟླ་༥ པའི་ཚེས་༢ ལུ་ སྐྱེས་ལོ་༣༢ ལང་མི་ ཨམ་སྲུ་ཅིག་ ཁམས་དྭངས་ཁ་ཐུག་ འགྱོ་བའི་སྐབས་ ཁམས་དྭངས་སློབ་གྲྭའི་ ཉེ་འདབས་ལུ་ ཞྭམོ་དང་ ཆུ་ལྷམ་བཙུགས་མི་ ཕོ་སྐྱེས་༢ མཐོང་པའི་ཤུལ་ལས་ ཨོལ་ལྐོག་བཏོག་མི་ཨིན་པའི་ དོགས་པ་ཆགས་ཏེ་ ཉེ་འདབས་ལུ་ཡོད་པའི་ ཁྱིམ་གྱི་ཇོ་བདག་ལུ་ སླབ་ནུག་ཟེར་ཨིན་པས།
དེ་ལས་ ཇོ་བདག་དེ་གིས་ ཨམ་སྲུ་དེ་ ནང་ན་ཁྱིད་ཞིནམ་ལས་ ཁྱིམ་ཚང་གཞན་ཚུ་ལུ་ཡང་ སླབ་པའི་ཤུལ་ལས་ ཁོང་གིས་ འཁོར་ལམ་བདའ་སྟེ་ འཚོལ་བར་སོང་ཡོད་རུང་ ཕོ་སྐྱེས་དེ་༢ འཚོལ་མ་ཐོབ་པས་ཟེར་ཨིན་པས།
སྤྱི་ཚེས་༣ ལུ་ གནད་དོན་དེ་གི་སྐོར་ ལོ་རྒྱུས་གོ་སྟེ་ རྡོ་རྗེ་དབང་འདུས་ཀྱིས་ ཝི་ཅཱཌ་སྡེ་ཚན་ནང་ བཏང་པའི་ཤུལ་ལས་ ཁམས་དྭངས་སློབ་གྲྭའི་སློབ་དཔོན་ཅིག་དང་གཅིག་ཁར་ཡང་ སློབ་ཕྲུག་ཨ་ལོ་ཚུ་ གནམ་མ་སྲོཔ་ལས་ གཏང་དགོཔ་སྦེ་ བསྟུན་གྲོས་འབད་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཚོགས་པ་ལུ་ དྲི་དཔྱད་འབད་བའི་སྐབས་ ཝི་ཅཱཌ་ནང་བཏང་མི་དེ་ བྷུ་ཊཱན་བིལ་ཌར་གྱི་ ལས་བྱེདཔ་ཚུ་གིས་ སླབ་ཡོད་པའི་ཁར་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ཡང་ ཨོལ་ལྐོག་བཏོག་མིའི་སྐོར་ལས་ འཐོར་གཏམ་ཁྱབ་སྤེལ་ སོང་ཡོད་མི་ལུ་བརྟེན་ཨིནམ་སྦེ་ སླབ་དེས་ཟེར་ཨིན་པས།
བཀྲིས་གཡང་རྩེའི་རྫོང་བདག་ ཐུགས་རྗེ་ཚེ་རིང་གིས་ སླབ་མིའི་ནང་ ཚོགས་པ་གིས་ སྒྲ་བཟུང་དེ་ དམིགས་ཡུལ་ལེགས་ཤོམ་གྱི་ཐོག་ལས་ ཁྱབ་སྤེལ་འབད་ཡོད་རུང་ འབྲེལ་ཡོད་དབང་འཛིན་ཚུ་དང་གཅིག་ཁར་ གྲོས་བསྟུན་མ་འབད་བར་ བཏང་ནུག་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ འཐོར་གཏམ་དེ་ བདེན་ཁུངས་མེདཔ་སྦེ་ ཤེས་རྟོགས་བྱུང་ཡོདཔ་མ་ཚད་ ད་ལྟོ་ དེ་བཟུམ་མའི་ གནད་དོན་ཚུ་མེད་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།
དམག་སྲིད་འོགམ་ བསོད་ནམས་འགན་འཛིན་གྱིས་ སླབ་མིའི་ནང་ ཨོལ་ལྐོག་བཏོག་མི་ འཐོར་གཏམ་དེ་ འགོ་དང་པ་ར་ སྤྱི་ཟླ་༤ པའི་ཚེས་༧ དང་༡༢ ཀྱི་བར་ན་ ལྷུན་རྩེ་ལས་ བྱུང་བྱུངམ་བཟུམ་ཅིག་འདུག་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༥ པའི་ཚེས་༤ ལུ་ སྤ་རོ་ལས་ ལྟ་བཤལ་ལམ་སྟོན་པ་ཨིན་མི་ ཕོ་སྐྱེས་༢ ཀྱིས་ ཁོང་གི་སྣུམ་འཁོར་ ཝེ་གཱན་ཨར་ཀཱར་ཨང་གྲངས་བི་པི་༡-སི་༥༦༩༦ འབད་མི་དེ་ ཨོལ་ལྐོག་བཏོག་མི་ཨིན་ཟེར་ ངོ་མ་ཤེས་པའི་ ཕོ་སྐྱེས་༣ དང་གཅིག་ཁར་ ཝི་ཅཱཌ་ནང་ བཏང་ཡོད་པའི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་ལྷོད་ནི་དེ་གིས་ཨིན་ཟེར་ཨིན་པས།
བསོད་ནམས་འགན་འཛིན་གྱིས་ སླབ་མིའི་ནང་ ཁོང་༢ ལས་༡ གི་ གནས་ཚང་དང་ ཨ་ལོ་དེ་ ལྷུན་རྩེ་སྟག་མོ་ཆུ་ཟ་ཁང་ནང་ ལཱ་འབད་མི་ ཕྱད་པར་སོང་ཡོདཔ་བཞིན་དུ་་ ཕོ་སྐྱེས་གཞན་ཅིག་གིས་ སློབ་གྲྭ་ཅིག་ནང་ ཆ་རོགས་ཕྱད་པར་ འགྱོ་བའི་སྐབས་ ཝེ་གཱན་ཨར་ཀཱར་དེ་ ཚོང་ཁང་ཅིག་གི་ སྦོ་ལོགས་ཁར་ བཞག་ཞིནམ་ལས་ ཚོང་པ་དེ་ལུ་ བལྟ་གནང་ཟེར་སླབ་སྟེ་ རྐང་སྟོང་སྦེ་ སོང་ནུག་ཟེར་ཨིན་པས།
ཕོ་སྐྱེས་དེ་ ལོག་པའི་སྐབས་ ཨམ་སྲུ་ཅིག་དང་ ཕོ་སྐྱེས་༣ གྱིས་ ཁོ་གི་ སྣུམ་འཁོར་ལུ་ ལེགས་ཤོམ་སྦེ་ བལྟ་སྡོད་སར་ མཐོང་ཡོད་རུང་ སྣང་བདག་ག་ནི་ཡང་ མ་བསྐྱེད་པར་ སྣུམ་འཁོར་བཏང་སྟེ་ སོང་ཡོདཔ་ད་ ཉིནམ་དག་པ་ཅིག་གི་ཤུལ་ལས་ ཁོ་གི་ སྣུམ་འཁོར་དེ་ ཨོལ་ལྐོག་བཏོག་མི་ཨིན་ཟེར་ ཕོ་སྐྱེས་༣ དང་གཅིག་ཁར་ ཝི་ཅཱཌ་ནང་ མཐོང་ཞིནམ་ལས་ གནད་དོན་དེ་ ལྷུན་རྩེའི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག་ཟེར་ཨིན་པས།
ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ སྣུམ་འཁོར་དེ་ པར་བཏབ་སྟེ་ ཝི་ཅཌ་ནང་ བཙུགས་མི་དང་ ཕོ་སྐྱེས་༣ དེ་ ག་ཨིན་ན་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ད་ ཨོལ་ལྐོག་བཏོག་མིའི་ འཐོར་གཏམ་དེ་ བདེན་པ་མེདཔ་ལས་ མི་ཚུ་ འཇིགས་སྣང་བསྐྱེད་དགོཔ་ མེད་པའི་ཁར་ མི་མང་འཛོམས་སར་ ལ་སོགས་པ་ཚུ་ནང་ གོ་བརྡ་སྤྲོད་དགོཔ་མ་ཚད་ མི་ཚུ་གིས་ ཝི་ཅཱཌ་གི་ སྡེ་ཚན་བཟོ་ནི་ལས་ འཛེམ་དགོཔ་དང་བཟོ་རུང་ དེ་བཟུམ་མའི་ མའཐོར་གཏམ་སྤེལ་ནི་མི་འོང་ཟེར་ བཤདཔ་ཨིན་པས།
དམག་སྲིད་འོགམ་ བསོད་ནམས་འགན་འཛིན་གྱིས་ ཚོགས་པ་དེ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༤༨༨ པ་དང་འཁྲིལ་ མ་བདེན་པའི་འཐོར་གཏམ་ ཁྱབ་སྤེལ་འབད་བའི་ ཉེས་འཛུགས་འབད་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
སྐལ་བཟང་དབང་ཕྱུག།