ཨོམ་ཆུ་ཟམ་བཟོ་སྐྲུན་འབད་ནི་ ལོག་འགོ་བཙུགས་ཡོདཔ།

༉ ཕུན་ཚོགས་གླིང་ ཨོམ་ཆུ་གུ་ལས་ ཟམ་རྐྱབ་ནིའི་ལཱ་དེ་ ལོ་༨ དེ་ཅིག་ མཚམས་འཇོག་འབད་བཞག་པའི་ཤུལ་ལུ་ ལོག་འགོ་བཙུགས་ཏེ་ཡོདཔ་ཨིན་པས།
མ་གཞི་ ཟམ་རྐྱབ་ནི་གི་ལཱ་ སྤྱི་ལོ་༢༠༡༥ ལས་ འགོ་བཙུགས་ཡོདཔ་ཨིན་རུང་ ཟམ་བཟོ་བཀོད་ལུ་ བསྒྱུར་བཅོས་སོང་མི་ལུ་བརྟེན་ མཚམས་འཇོག་འབད་དགོཔ་བྱུང་ནུག།
ཟམ་དེ་ ཕུན་ཚོགས་གླིང་ཁྲོམ་ནང་ སྣུམ་འཁོར་བཀག་ཐོགས་ཀྱི་ དཀའ་ངལ་སེལ་ཐབས་ལུ་ ཁྲོམ་སྡེ་གཞི་རྟེན་ལས་འགུལ་གྱི་ ལས་སྣ་ཅིག་ཨིནམ་ད་ ཟམ་དེ་ཡང་ ན་གཞོན་གོང་འཕེལ་མ་དངུལ་ལྟེ་བའི་ ཉེ་འདབས་ལུ་ ཨོམ་ཆུ་དང་ ཨ་མོ་ཆུ་༢ འཛོམས་སའི་ ས་ཁོངས་ནང་ རྐྱབ་དོ་ཡོདཔ་ཨིན་པས།
ཟམ་རྐྱབ་ནིའི་ལཱ་དེ་ ནེ་པཱལ་ལུ་ཡོད་པའི་ ཏུན་དི་བཟོ་སྐྲུན་སྒེར་སྡེ་གིས་ མ་དངུལ་ས་ཡ་༤༤.༤༦ ཐོག་ལས་ སྤྱི་ལོ་༢༠༡༥ ལས་རྐྱབ་ནི་ འགོ་བཙུགས་ཏེ་ ཟམ་ཕྱེ་ཀ་ལུ་ལྷོདཔ་ད་ ཟམ་བཟོ་སྐྲུན་གྱི་ སྙན་ཞུ་ནང་ ས་ཆ་བརྟག་ཞིབ་དང་ ཆ་མཐུན་མེད་པའི་མངོན་གསལ་བྱུང་ནུག།
ཟམ་བཟོ་བཀོད་ཚུ་ བསྒྱུར་བཅོས་འབད་དེ་ ཐག་བཅད་འབད་བའི་སྐབས་ ཁག་འབགཔ་དེ་གིས་ ཟད་རྩིས་ལོག་བཏོན་མ་ཚུགས་པའི་ཁར་ ཟད་འགྲོ་འབག་མ་ཚུགསཔ་ལས་ མཚམས་འཇོག་འབད་དགོཔ་བྱུང་ཡོདཔ་ཨིན་པས།
ལས་འགུལ་ལག་ལེན་སྡེ་ཚན་གྱི་ ལས་འགུལ་འཛིན་སྐྱོང་པ་ ཨ་ནུ་ པར་དཱན་གྱིས་ སླབ་མིའི་ནང་ ཟམ་བཟོ་སྐྲུན་གྱི་ ལཱ་དེ་ཡང་ ཁ་ཙ་ལས་ ལོ་འགོ་བཙུགས་ཅི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ལས་འགུལ་གྱི་དོན་ལུ་ འབྲུག་པའི་ཁག་འབགཔ་གི་ བྱ་རིམ་ཐོག་ལས་ འབད་བའི་སྐབས་ བཱུ་ཊཱན་ བིལ་ཌར་གྱིས་ ཐོབ་ཡོདཔ་བཞིན་དུ་ ལཱ་དེ་ཡང་ ཁག་འབགཔ་དེ་ལུ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ རྩིས་སྤྲོད་ཡོདཔ་ལས་ ད་རེས་ གཞི་རྟེན་ཅ་ཆས་ཚུ་ བགོ་བཀྲམ་འབད་བའི་ཁར་ ས་བརྐོ་ནི་ལཱ་ཚུ་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
བོགསི་གིར་ཌར་ཟེར་བའི་ ཟམ་གྱི་རིང་ཚད་དེ་ ཧེ་མ་མི་ཊར་༤༦ ཡོད་མི་ལས་ ད་རེས་ མི་ཊར་༤༦.༨ ལུ་ ཡར་སེང་སོང་སྟེ་ཡོདཔ་ད་ ཁག་འབགཔ་དེ་གིས་ ཟླཝ་༡༨ ཀྱི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ད་ ཟད་འགྲོ་དེ་ཡང་ དངུལ་ཀྲམ་ས་ཡ་༧༥ དེ་ཅིག་ ཡར་འཕར་སོང་སྟེ་ཡོདཔ་ཨིན་པས།
ཟད་འགྲོ་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ བརྒྱ་ཆ་༨༥ དེ་ཅིག་ སྐྱིན་འགྲུལ་བྱིན་ཏེ་ཡོདཔ་ད་ ལྷག་ལུས་བརྒྱ་ཆ་༡༥ དེ་ གཞུང་གིས་ གཏང་ནི་ཨིན་པས།
ཟམ་དེ་ རྐྱབ་ཚར་བའི་བསྒང་ལས་ ཨོམ་ཆུ་ཟམ་གུ་ལས་ སྣུམ་འཁོར་ལམ་༢ པ་སྦེ་ ལག་ལེན་འཐབ་ཚུགས་ནི་དང་ བྱང་ཕྱོགས་ཀྱི་ལམ་དང་ མཐུད་སྦྲེལ་འབད་དེ་ དོ་ཆས་བཞག་ཁང་གི་ ས་ཁོངས་དང་གཅིག་ཁར་ཡང་ མཐུད་སྦྲེལ་འབད་ཚུགས་ནི་ཨིན་པས།
ཆུ་སྲིན་གསོ་སྐྱོང་ཁང་གི་ས་ཁོངས་ ཨོམ་ཆུ་གུ་ལས་ ད་རུང་ ཟམ་གསརཔ་ཅིག་ རྐྱབ་ནི་ཨིནམ་ལས་ དེ་གི་ ཟད་འགྲོ་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ བྱིན་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *