ཨོ་ལ་ཁའི་ས་ཁོངས་ནང་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་ སེལ་ཐབས་ འབད་ནིའི་འཆར་གཞི།

༉ ཐིམ་ཕུག་ཨོ་ལ་ཁའི་ ས་ཁོངས་ནང་ ད་ལྟོ་ སྣུམ་འཁོར་འཐོན་འཛུལ་འབད་སའི་ འཁོར་ལམ་༢ ལས་བརྒལ་མེད་ནི་དེ་གིས་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་རུང་ ཐིམ་ཕུག་ཁྲོམ་སྡེ་གིས་ ད་རུང་ འཁོར་ལམ་༢ སེལ་དོ་ཡོདཔ་ལས་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་ སེལ་ཚུགས་ནི་ཨིན་པས།
དེ་གིས་མ་ཚད་ རྩི་ནག་བཏང་མི་ སྣུམ་འཁོར་ལམ་ཚུ་ གཡུར་བ་གི་ཆུ་དང་ སྣུམ་འཁོར་ཆུ་འཁྱུ་མི་གི་ ཆུ་༢ ཀྱིས་ ལམ་ག་ར་མེདཔ་བཏང་ཚར་ཏེ་ཡོདཔ་ལས་ རྩི་ས་གཏང་ནི་ཨིན་པས།
ཨོ་ལ་ཁ་སྣུམ་འཁོར་བཅོ་ཁང་གི་ ས་ཁོངས་ནང་ ལས་འགུལ་དབྱེ་བ་ཁག་༢ སྦེ་ཡོདཔ་ད་ དང་པམ་དེ་ སྣུམ་འཁོར་ལམ་ཚུ་ག་ར་རྩི་ས་གཏང་ནི་ཨིནམ་ད་ གཉིས་པམ་དེ་ ཆུ་གཡུར་ལེགས་བཅོས་འབད་ནི་ དེ་ལས་ ཆུའི་མཐའམ་བདའ་སྟེ་ མི་ཚུ་ངལ་འཚོ་སྡོད་སའི་ གླིང་ག་གོང་འཕེལ་གཏང་ནི་ཨིན་པས།
ཐིམ་ཕུག་ཁྲོམ་སྡེའི་ བཟོ་རིག་སྤྱི་ཁྱབ་འགོ་དཔོན་གྱིས་ བཤད་མི་དང་འཁྲིལཝ་ད་ སྣུམ་འཁོར་ཐོན་འཛུལ་འབད་ས་ ཐེབས་བཟོ་སྐྲུན་འབད་དགོ་མི་དེ་ཡང་ ད་ལྟོ་ཡོད་མི་ འཁོར་ལམ་༢ ནང་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
སྣུམ་འཁོར་ཐོན་འཛུལ་འབད་ས་ གསརཔ་དེ་ཡང་ སྣུམ་འཁོར་བཅོ་ཁང་གསརཔ་དང་ རྙིངམ་ཡོད་ས་ལས་ སྣུམ་འཁོར་བཅོ་ཁང་གསརཔ་དེ་གི་ མགུ་ལས་ཡོདཔ་ཨིན་པས།
འཁོར་ལམ་ཐེབས་ བཟོ་སྐྲུན་འབད་ཚར་ཞིནམ་ལས་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་སེལ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ སྣུམ་འཁོར་ལམ་ཚུ་ རྩི་ས་གཏང་དགོ་མི་དེ་ཡང་ ཧེ་མ་མོ་བཏབ་སྦེ་ སྣུམ་འཁོར་བཅོ་ཁང་གི་ སྦུག་ལུ་ར་བཏང་མི་དེ་ ད་ལྟོ་ཡང་ སྒྲིང་སྒྲི་སྦེ་ཡོདཔ་ལས་ སྣུམ་འཁོར་ལམ་གཞན་ཚུ་ཡང་ དེ་སྦེ་གཏང་པ་ཅིན་ སྒྲིང་སྒྲི་འོང་ནི་མས་ཟེར་ རྩི་ས་གཏང་ནི་སྦེ་ ཐག་བཅད་དོ་ཟེར་ཨིན་པས།
སྣུམ་འཁོར་བཅོ་ཁང་གི་ ས་ཁོངས་མང་ཤོས་ཅིག་ནང་ སྣུམ་འཁོར་ཆུ་འཁྱུ་ནིའི་ ཞབས་ཏོག་ཡོདཔ་མ་ཚད་ ཆུ་གཡུར་ཚུ་ ལེགས་ཤོམ་སྦེ་མེད་ནི་དེ་གིས་ ཆུ་ག་ར་ འཁོར་ལམ་བདའ་འོང་སྟེ་ རྩི་ནག་བཏང་མི་ ལམ་ཚུ་ག་ར་ མེདཔ་ཐལ་ཏེ་ཡོདཔ་ཨིན་པས།
སྣུམ་འཁོར་ཐོན་འཛུལ་འབད་སའི་ལཱ་དེ་ དངུལ་ཀྲམ་ས་ཡ་༡༡ སྦེ་ བགོ་བཀྲམ་འབད་ཚར་ཏེ་ཡོདཔ་ད་ མ་དངུལ་དེ་ཡང་ འབྲུག་གཞུང་གིས་ གནང་ནུག།
དེ་བཟུམ་སྦེ་ བཟོ་རིག་སྤྱི་ཁྱབ་འགོ་དཔོན་གྱིས་འབད་བ་ཅིན་ ཆུའི་མཐའམ་བདའ་སྟེ་ ས་ཆ་སྟོངམ་ཡོད་མི་ཚུ་ནང་ གླིང་ག་གོང་འཕེལ་གཏང་དགོ་པའི་ དམིགས་ཡུལ་དེ་ཡང་ ས་གནས་ནང་ མི་ཚུ་སྣུམ་འཁོར་བཅོ་ཁང་གི་ ཞབས་ཏོག་ལེན་པ་འོང་པའི་སྐབས་ ངལ་འཚོ་སྟེ་ ཧིང་སངས་ས་སྦེ་ སྡོད་ཚུགས་པའི་ དམིགས་གཏད་ཨིན་ཟེར་ཨིན་པས།
འཁོར་ལམ་སེལ་ནི་གི་ལཱ་ཚུ་ འགོ་བཙུགས་ཡོདཔ་ཨིན་རུང་ ཆུ་གཡུར་ལེགས་བཅོས་འབད་ནི་དང་ སྣུམ་འཁོར་ལམ་རྩི་ནག་གཏང་ནི་ གླིང་ག་གོང་འཕེལ་གཏང་ནིའི་ལཱ་ཚུ་ སྤྱི་ལོ་༢༠༡༨ ཟླཝ་༣ པའི་ནང་ མཇུག་བསྡུ་ཚུགསཔ་སྦེ་འབད་ནི་ཨིནམ་ད་ དེ་གི་དོན་ལུ་ མ་དངུལ་ ས་ཡ་༢༧ བཞག་སྟེ་ཡོདཔ་ཨིན་པས།
ས་གནས་ནང་ གླིང་ག་གོང་འཕེལ་གཏང་ནི་དེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱི་ བཀོད་རྒྱ་དང་འཁྲིལ་ཏེ་ཨིན་ཟེར་ བཟོ་རིག་སྤྱི་ཁྱབ་འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *