ཨོ་ལ་ཁ་ལུ་ཡོད་མི་ སྤྲོ་སྟོན་ཁང་ཚུ་ ལམ་ལུགས་ལུ་ གནས་མ་གནས་ཀྱི་ཞིབ་དཔྱད་འབད་ནི།

༉ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ ཐིམ་ཕུག་ཨོ་ལ་ཁ་ལུ་ཡོད་མི་ སྤྲོ་སྟོན་ཁང་ཚུ་ ཞིབ་དཔྱད་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

སྤྲོ་སྟོན་ཁང་ཚུ་ནང་ལས་ སྙན་ཆའི་སྐད་ཤུགས་སྦེ་རྐྱབ་མི་དེ་གིས་ ཨོ་ལ་ཁ་ལུ་སྡོད་མི་ཚུ་ལུ་ ནུབ་མོ་གཉིད་དཀྲོགས་ཏེ་ ཞག་ཉལ་མ་ཚུགས་པའི་དཀའ་ངལ་ བྱུང་དོ་ཡོདཔ་ཨིན་པས།

ས་གནས་ནང་སྡོད་མི་ ཀརྨ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ ནུབ་མོ་ཧ་སུ་སྦེ་ ཉལ་ནིའི་དཔའ་བཅམ་རུང་ སྒྲ་དབྱངས་དང་ གཞན་མི་སྤྲོ་སྟོན་ཁང་ཚུ་གི་སྐད་ཀྱིས་ ཉལ་མི་ཚུགས་པས་ཟེར་ཨིན་པས།

སྐྱེས་ལོ་༦༤ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོང་རའི་ཉལ་ཁང་གི་ སྒོ་སྒྲིག་ནང་ལས་ དྲོ་པའི་ཆུ་ཚོད་༥ ཚུན་ཚོད་ མི་ཚུ་ལྟདམོ་ལྟ་སྡོད་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ནུབ་མོའི་ཆུ་ཚོད་༡༠ དང་༡༡ གི་བར་ན་ འོང་ནི་འགོ་བཙུགས་པའི་ཤུལ་ལུ་ དྲོ་པའི་ཆུ་ཚོད་༥ ཚུན་ཚོད་ སྡོདཔ་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ས་གནས་ནང་སྡོད་མི་ཚུ་ ག་ཅི་ཡང་འབད་ཐབས་མེདཔ་ལས་ རྩིགཔ་ཟ་ཡི་ར་ ཁ་སྡུག་ལང་སྟེ་སྡོད་ནི་མ་གཏོགས་ གཞན་འབད་ཐབས་མེད་པར་ སྡོད་དོ་ཟེར་ཨིན་པས།

མ་གཞི་ ས་གནས་ནང་ ཕྱི་རུ་བསྐོར་སྲུང་འབད་མི་ ཁྲིམས་སྲུང་འགག་པ་ཚུ་ ཡོད་དེ་འབད་རུང་ ཁྲིམས་སྲུང་འགག་པ་ གངམ་མེད་ནི་དེ་གིས་ སྤྲོ་སྟོན་ཁང་ཚུ་ནང་ལས་ མི་༢༠༠ དང་༣༠༠ རེ་ ཐོན་འོང་མི་ཚུ་ འཛིན་སྐྱོང་འཐབ་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།

སྤྲོ་སྟོན་ཁང་གི་ སྦོ་ལོགས་ཁར་ འཐབ་འཛིང་འབད་དེ་ གཅིག་གིས་གཅིག་ལུ་ བརྡུང་རྫོབ་འབད་སར་མཐོང་རུང་ ཇོ་བདག་གིས་ཡང་ ག་ཅི་ཡང་ འབད་མི་ཚུགས་པས་ཟེར་ ཀརྨ་རྡོ་རྗེ་གིས་ བཤདཔ་ཨིན་པས།

ས་གནས་ནང་སྡོད་མི་ སྐྱེས་ལོ་༢༧ ལང་མི་ ཡེ་ཤེས་དབང་ཕྱུག་གིས་འབད་བ་ཅིན་ སྤྲོ་སྟོན་ཁང་ཚུ་ སྒོ་བསྡམས་ཚར་རུང་ ཚོང་མགྲོན་པ་ཚུ་ ས་གནས་ནང་ ཆང་གིས་བགྲངས་ཏེ་ སྐད་རྐྱབ་སྡོད་སར་ མཐོངམ་མས་ཟེར་ཨིན་པས།

དེ་མ་ཚད་ དྲོ་པའི་ཆུ་ཚོད་༡ ལས་༣ ཚུན་ཚོད་ཀྱི་བར་ན་ སྣུམ་འཁོར་རྒྱུན་འགྲུལ་འཐབ་མིའི་ སྐད་དེ་གིས་ཡང་ ས་གནས་ནང་སྡོད་མི་ཚུ་ ལེགས་ཤོམ་སྦེ་ར་ ཉལ་མི་བཅུག་པས་ཟེར་ཨིན་པས།

གནས་སྟངས་དེ་ རེས་གཟའ་ཕུརཔ་དང་ སྤེན་པ་ དེ་ལས་ ཉི་མ་ལུ་ སྐྱོ་དྲགས་འགྱོཝ་མས་ཟེར་ཨིན་པས།

སྤྲོ་སྟོན་ཁང་ཡོད་མི་ ས་གནས་ཚུ་ནང་ འཕྲལ་འཕྲལ་རེ་ འཐབ་འཛིང་འབད་དེ་ གཅིག་གིས་གཅིག་ལུ་ གྱི་གསོབ་པའི་གནད་དོན་དང་ སྣུམ་འཁོར་མེདཔ་བཏང་པའི་དཀའ་ངལ་ཚུ་ ཐོནམ་མས་ཟེར་ཨིན་པས།

ཨོ་ལ་ཁའི་ ས་ཁོངས་ནང་ བསྡོམས་སྤྲོ་སྟོན་ཁང་༥ ཡོདཔ་ཨིན་པས།

ཐིམ་ཕུག་ཁྲོམ་སྡེ་དང་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་ དེ་ལས་ ཁྲིམས་སྲུང་འགག་པ་གིས་ བདུན་ཕྲག་རེ་ནང་ སྤྲོ་སྟོན་ཁང་ཚུ་ནང་ ཚར་རེ་བརྟག་ཞིབ་འབད་བར་ འགྱོ་དོ་ཡོདཔ་ཨིན་པས།

ཁོང་གིས་ བརྟག་ཞི་འབད་བའི་སྐབས་ ཚད་གཞི་༣ ཡོདཔ་ད་ དེ་ཡང་ ཉེན་སྲུང་དང་ སྲུང་སྐྱོབ་ བདེ་ཉམས་ཚུ་ ཡོད་མེད་ལྟ་དོ་ཡོདཔ་ཨིན་པས།

ཆོག་ཐམ་སྡེ་ཚན་གྱི་ བརྒྱུད་འབྲེལ་འགོ་དཔོན་གཙོ་འཛིན་ དབང་རྒྱལ་རྡོ་རྗེ་གིས་འབད་བ་ཅིན་ ཁོང་གིས་ ཨོ་ལ་ཁ་གི་ གནས་སྟངས་བརྟག་ཞིབ་འབད་བ་འགྱོ་བའི་སྐབས་ སྤྲོ་སྟོན་ཁང་ མང་ཤོས་ཅིག་ ལམ་ལུགས་དང་འཁྲིལ་ཏེ་ འབད་དོ་ཡོདཔ་མཐོང་རུང་ སྤྲོ་སྟོན་ཁང་གི་ ཕྱི་ཁ་ལས་ཕར་ བཤལ་སྡོད་མི་ ཚོང་མགྲོན་པ་ཚུ་ བདའ་གཏང་ནི་གི་ དབང་ཚད་མེདཔ་ལས་ འབད་ཐབས་ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།

ལམ་ལུགས་དང་འཁྲིལཝ་ད་ ཞབས་ཁྲ་རྐྱབ་སའི་ སྤྲོ་སྟོན་ཁང་ཚུ་ རེས་གཟའ་ཕུརཔ་ལུ་ ནུབ་མོའི་ཆུ་ཚོད་༡༢ ཚུན་ སྒོ་ཕྱེས་ཏེ་བཞག་ཆོགཔ་ད་ རེས་གཟའ་སྤེན་པ་དང་ ཉི་མ་ལུ་ དྲོ་པའི་ཆུ་ཚོད་༡ ཚུན་ བཞག་ཆོགཔ་ཨིན་པས།

སྒྲ་དབྱངས་དང་ ཞབས་ཁྲ་འཐེན་སའི་ ས་ཁོངས་ཚུ་འབད་བ་ཅིན་ རེས་གཟའ་མིག་དམར་དང་ ཕུརཔ་ པ་སངས་ དེ་ལས་ ཟླ་བ་ལུ་ ནུབ་མོའི་ཆུ་ཚོད་༡༡ ཚུན་དང་ རེས་གཟའ་སྤེན་པ་དང་ ཉི་མ་ལུ་འབད་བ་ཅིན་ ནུབ་མོ་ཆུ་ཚོད་༡༢ ཚུན་ བཞག་ཆོགཔ་ཨིན་པས།

དབང་རྒྱལ་རྡོ་རྗེ་གིས་ བཤད་མིའི་ནང་ འདས་པའི་བདུན་ཕྲག་ནང་ ཐིམ་ཕུག་ཨོ་ལ་ཁའི་ སྒྲ་དབྱངས་ཅིག་ནང་ ལམ་ལུགས་ལུ་ མ་གནས་པར་ སྒོ་ཕྱེས་བཞག་མི་ཅིག་ བདའ་ཟུན་ཡོདཔ་ད་ ཁོ་གིས་ དེ་སྦེ་བཞག་མི་དེ་ ཐེངས་གཉིས་པ་ཨིནམ་ལས་ ད་རུང་དེ་སྦེ་འབད་བ་ཅིན་ ཆོག་ཐམ་ཆ་མེད་གཏང་ནིའི་སྐོར་ལས་ སླབ་ཅི་ཟེར་ཨིན་པས།

འབྲེལ་ཡོད་ལས་སྡེ་ཚུ་གིས་ ཞིབ་དཔྱད་འབད་བའི་སྐབས་ ལམ་ལུགས་ལུ་མ་གནས་མི་ སྤྲོ་སྟོན་ཁང་དག་པ་ཅིག་གི་ ཆོག་ཐམ་ ཆ་མེད་གཏང་དགོཔ་ ཐོན་ཡོདཔ་སྦེ་ཨིན་པས།

དེ་མ་ཚད་ སྤྲོ་སྟོན་ཁང་ཚུ་ ཕྱི་ཁ་ལས་ལྟ་བའི་སྐབས་ སྒོ་བསྡམས་ཏེ་ཡོད་པ་ཅིན་ ཁོང་གིས་ སྒོ་ཕྱེས་ཏེ་ ནང་ན་བལྟ་ནི་གི་དབང་ཚད་མེད་ཟེར་ཨིནམ་ད་ ཧེ་མ་ལས་ ཆ་མེད་བཏང་མི་ཚུ་ ལག་ལེན་འཐབ་པ་ཅིན་ དེ་ཚུ་ ཁྲིམས་འགལ་ཨིན་ཟེར་ དབང་རྒྱལ་རྡོ་རྗེ་གིས་ བཤདཔ་ཨིན་པས།

ཨིན་རུང་ ཁྲིམས་སྲུང་འགག་པ་ཚུ་གིས་ ཞིབ་དཔྱད་འབད་དགོ་པའི་ ཞུ་བ་འབད་ཡི་ཟེར་ཨིན་པས།

ཐིམ་ཕུག་ལུ་ སྒྲ་དབྱངས་༡༣ ཞབས་ཁྲ་རྐྱབ་ས་༥ ཨིས་ནུ་ཀར་རྩེད་ས་༨༧ བི་ཌི་ཝོ་རྩེདམོ་རྩེད་ས་༣༠ དེ་ལས་ ཞབས་ཁྲ་འཐེན་ས་༤༡ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *