ཨོ་རྒྱན་དགའ་ཚལ་གླིང་ལྷ་ཁང་།

ཨོ་རྒྱན་དགའ་ཚལ་གླིང་ལྷ་ཁང་གི་ ཆགས་རབས་མདོར་བསྡུས།

༉ མོང་སྒར་འགྱུར་མེད་རྒེད་འོག་གི་ལྟག་ལུ་ ཨོ་རྒྱན་དགའ་ཚལ་གླིང་ལྷ་ཁང་ གཞིས་ཆགས་ཡོད་མི་དེ་ རྣ་རྒྱུན་ལོ་རྒྱུས་དང་འཁྲིལཝ་ད་ རྩ་ཆེ་ཏོག་ཏོ་ཅིག་ཨིན་རུང་ མི་མང་ཤོས་ཅིག་གིས་ འདི་གི་སྐོར་ལས་ དྭངས་གསལ་སྦེ་ ཧ་མ་གོ་བར་ཡོདཔ་ཨིན་པས།

ལྷ་ཁང་དེ་ སའི་ཆགས་ཚུལ་ སྤོག་ཏོ་ཅིག་གུ་སྦེ་ ཞབས་དྲུང་རིན་པོ་ཆེ་མཆོག་ འབྲུག་ལུ་མ་བྱོན་པའི་ཧེ་མ་ལས་ ཆགས་ནུག།
ཨྱོན་གུ་རུ་རིན་པོ་ཆེ་གིས་ བྱིན་གྱིས་བརླབས་པའི་ སྦས་གནས་ཁྱད་པར་ཅན་ ལྷོ་མོན་ཁ་བཞིའི་ནང་གསེས་ ཤར་ཕྱོགས་མོང་སྒར་རྫོང་ཁག་ འགྱུར་མེད་རྒེད་འོག་གི་ ཨྱོན་དགའ་ཚལ་གླིང་ལྷ་ཁང་དེ་ མི་སེར་ཚུ་གི་ གསོན་གཤིན་གྱི་ རིམ་གྲོ་དང་ དགེ་རྩ་སྒྲུབ་སའི་ལྷ་ཁང་སྦེ་ ལག་ལེན་འཐབ་སྟེ་སྡོད་ནུག།
ལྷ་ཁང་དེ་ རྩ་ཆེ་ཤོས་ཅིག་སྦེ་ མི་སེར་ཚུ་གིས་ བརྩི་འཇོག་འབད་མི་དེ་ཡང་ ཤར་ཕྱོགས་རྫོང་ཁག་ནང་ འཐན་སྐམ་ལུ་བརྟེན་ ཆར་ཆུ་མེད་པར་ ལོ་༣ སོང་སྟེ་ ལོ་ཐོག་གི་རིགས་དང་ འཐུང་ཆུ་ཚུ་ག་ར་ བསྐམས་ཡོདཔ་མ་ཚད་ ཚ་དྲོད་ཡར་འཕར་སོང་སྟེ་ མི་ལུ་ཤི་རྐྱེན་གྱི་ དཀའ་ངལ་བྱུང་ནུག།
དེ་བསྒང་ གཞོང་སྒར་དང་ བཀྲིས་སྒང་ དེ་ལས་ པདྨ་དགའ་ཚལ་རྫོང་དཔོན་༣ འཛོམས་ཐོག་ལས་ རྐྱེན་ངན་དེ་གི་སྐོར་ གྲོས་བསྟུན་འབད་དེ་ བོད་ལུ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་རིན་པོ་ཆེ་ ཞབས་སར་བཅར་ཏེ་ ཐུགས་རྟགས་གཟིགས་ཞུ་ནུག།
ཞབས་དྲུང་རིན་པོ་ཆེ་གིས་ ཤར་ཕྱོགས་རྫོང་ཁག་ལུ་ཡོད་པའི་ ཕོ་ཆུ་ཀུར་རི་ཆུ་དང་ མོ་ཆུ་ གོང་རི་ཆུ་གཉིས་འཛོམས་པའི་སྦུག་ལུ་ ལྷ་ཁང་ཅིག་ གསར་བཞེངས་འབད་ཚུགས་པ་ཅིན་ ཆར་ཆུ་དུས་སུ་འབབ་འོང་ཟེར་ ལུང་བསྟན་གནང་ཡོདཔ་ཨིན་པས།


བླ་མའི་ཞལ་བཀོད་ལུང་བསྟན་ལྟར་དུ་ ལྷ་ཁང་གསར་བཞེངས་འབད་ནིའི་དོན་ལུ་ རྫོང་དཔོན་གསུམ་གྱི་གྲས་ལས་ གསང་བསྲུང་པ་ གདུང་བསམ་རྒྱ་དྲུང་རྫོང་དཔོན་གྱིས་ བཟོ་བོའི་ལག་ཆས་དང་ ཆུམ་དོས་ཚུ་ རྒྱ་གར་ཨ་སམ་ལས་ སྐྱེལ་འདྲེན་འབད་ནི་དང་ བཀྲིས་སྒང་རྫོང་དཔོན་གྱིས་ བོད་ལས་ཚྭ་བཏོན་ནི་ དེ་ལས་ ནང་སྐྱོང་པ་ གཞོང་སྒར་རྫོང་དཔོན་གྱིས་ ལས་མི་དང་ བཟོ་བོ་ཚུ་བཏོན་ཏེ་ ས་གནས་དེ་ཁར་ འཛོམས་ནི་སྦེ་ ཞལ་འཆམ་བྱུང་ནུག།
རང་སོའི་ཁས་བླངས་དང་འཁྲིལ་ གདུང་བསམ་རྒྱ་དྲུང་རྫོང་དཔོན་གྱིས་ ཨ་སམ་ལས་ ཆུམ་དང་ བཟོ་བོའི་ལག་ཆས་ སྐྱེལ་འདྲེན་འབད་མི་ཚུ་ ཆུ་ཆེན་གཉིས་འཛོམས་སའི་ཁ་ཐུག་ལུ་ འགྱོ་བའི་ལམ་ཁར་ འགྱུར་མེད་རྒེད་འོག་ སྦི་ལམ་གཡུས་ཚན་ནང་ ལྷོད་ནུག།
དེ་ལས་ དོས་སྐྱེལ་འདྲེན་འབད་མི་ ཨ་སམ་གྱི་ལས་མི་དང་ པདྨ་དགའ་ཚལ་གྱི་ལས་མི་ དེ་ལས་ རྫོང་དཔོན་ཚུ་ ལྷ་ཁང་གི་འོག་ལུ་ལྷོདཔ་ད་ ཁ་སྐོམ་སྟེ་ འུ་སྡུག་ཐང་ཆད་སྡོད་པའི་སྐབས་ལུ་ ཨ་སམ་གྱི་ མི་ཅིག་གིས་ སའི་འོག་ལས་ ཆུའི་སྐད་བཟུམ་ཅིག་ རྣ་བར་གོ་ནུག།
ཧེ་མ་སོང་མི་ ཆ་རོགས་ཚུ་ ཨ་སམ་གྱི་ཁ་སྐད་ཐོག་ འབོ་ཞིནམ་ལས་ ས་གནས་དེ་ཁར་ ཆུ་འཚོལཝ་ད་ སའི་འོག་ལས་ ཆུ་ཐོན་ཡོདཔ་མཐོངམ་ལས་ རྫོང་དཔོན་དང་ མི་སེར་ཚུ་ སེམས་དགའ་སྟེ་ སྐོམ་བསིལ་གྱི་སྡུག་བསྔལ་སེལ་ཚུགས་ཅི་ཟེར་ ལོ་རྒྱ྄ས་སླབ་དོ་ཡོདཔ་ཨིན་པས།
ལས་མི་དང་ དོ་སྐྱེལ་འདྲེན་འབད་མི་ མི་སེར་ཚུ་ ཟླཝ་ལས་བཅད་དེ་ འགྲོ་འགྲུལ་འབད་བའི་ཤུལ་ལུ་ འགྱུར་མེད་རྒེད་འོག་ནང་ ཧེ་མ་མེད་པའི་ཆུ་ཅིག་ཡང་ གཙུག་ལག་ཁང་བཞེངས་པར་འགྱོ་བའི་ལམ་ཁར་ ཐོན་ཡོདཔ་ལས་ མི་ཚུ་ གྲོས་བསྟུན་འབད་བའི་སྐབས་ ཆུ་ཆེན་༢ འཛོམས་སར་ ལྷོད་ཚུགས་པ་ ལཱ་ཁག་འོང་ནི་ཨིནམ་ལས་ ཆུ་ཐོན་སའི་ཉེ་འདབས་ལུ་སྦེ་ ལྷ་ཁང་དེ་ བཞེངས་ནི་གུ་ མོས་མཐུན་བྱུང་ཡོདཔ་ཨིན་པས།
ཁོང་ཆ་ཁྱབ་ མོས་མཐུན་བྱུང་མི་དང་ ལུང་བསྟན་ཡང་ དུས་ལུ་བབས་པའི་སྟབས་ཀྱིས་ རྫོང་དཔོན་༣ དང་ མི་སེར་ཚུ་གིས་ ས་གནས་དེ་ཁར་ མགོན་པོ་མ་ནིང་ནག་པོའི་ ལྷ་ཁང་ཆེ་བ་གཅིག་དང་ སྔགས་སྲུང་མ་ཨེ་ཀ་ཛཱ་ཊིའི་ ལྷ་ཁང་ཆུང་བ་ཅིག་སྦེ་ ལྷ་ཁང་གཉིས་བཞེངས་གནང་ནུག་ཟེར་ཨིན་པས།
ལུང་བསྟན་ལྟར་དུ་ ལྷ་ཁང་བཞེངས་པའི་ཤུལ་ལུ་ ཤར་ཕྱོགས་རྫོང་ཁག་ནང་ ཆར་ཆུ་དུས་སུ་བབས་ ལོ་ཕྱུགས་རྟག་ཏུ་ལེགས་ མི་ནད་ཕྱུགས་ནད་ ལ་སོགས་པ་ཚུ་ཡང་ཞི་སྟེ་ མི་སེར་ཚུ་ དགའ་སྐྱིད་ཀྱི་ངང་ལུ་ གནས་ཚུགསཔ་བྱུང་ནུག་ཟེར་ ཕམ་རྒན་ཤོས་ཚུ་གིས་ ཁ་རྒྱུན་ལུ་ བཤད་སྲོལ་འདུག།
ལྷ་ཁང་གི་དཀོན་གཉེར་ ཀུན་བཟང་རྒྱལ་མཚན་གྱིས་ སླབ་མིའི་ནང་ སྦི་ལམ་གཡུས་ཚན་ནང་སྦེ་ ལྷ་ཁང་བཞེངས་པའི་ཤུལ་ལུ་ ཕོ་ཆུ་དང་ མོ་ཆུ་གཉིས་འཛོམས་ས་ལུ་ ལྷ་ཁང་གི་ཚབ་སྦེ་ སྤྱི་བསྡུས་ཀྱི་མཆོད་རྟེན་ཅིག་ བཞེངས་ཡོད་མི་དེ་ ད་རེས་ནངས་པར་ཡང་ མཇལ་ནི་ཡོད་ཟེར་ཨིན་པས།
ཧེ་མ་ བཀའ་སྲུང་མ་གཟའ་དམ་༣ གྱི་ ལྷ་ཁང་བཞེངས་ཡོད་པའི་རྟགས་མཚན་ རྡོ་མཇལ་ནི་ཡོད་མི་དང་ མ་འོངས་པར་ ལོག་གསར་བཞེངས་འབད་ཚུགས་པ་ཅིན་ འབྲུག་རྒྱལ་ཁབ་ནང་ ཞི་བདེའི་ངང་ལུ་ གནས་ཚུགས་པའི་ ལུང་བསྟན་ཚུ་ཡོདཔ་སྦེ་ ཕམ་རྒན་ཤོས་ཚུ་གིས་ བཤད་ནི་འདུག་ཟེར་ རྒེད་འོག་གི་ མི་སེར་ཚུ་གིས་ སླབ་ཨིན་པས།
ལོ་ངོ་བརྒྱ་ཕྲག་གི་ཤུལ་ལས་ ལྷ་ཁང་༢ ཆ་ར་ ཞིག་རལ་སོང་ཡོདཔ་ལས་ མགོན་པོ་མ་ནིང་ནག་པོའི་ལྷ་ཁང་གི་ཤུལ་ ལུས་ཡོད་མི་ལུ་ རྟོགས་ལྡན་ཤཱཀྱ་ཤྲཱིའི་ཞལ་སློབ་ རིང་ཕུ་འོད་གསལ་ཆོས་གླིང་དགོན་པའི་སློབ་དཔོན་ རྟ་མགྲིན་རྒྱ་མཚོ་གིས་ སྤྱི་ལོ་༡༩༢༥ ལུ་ བཞེངས་པའི་ར་ཁུངས་ཡང་ སྨན་ཆ་ཕུག་སློབ་དཔོན་ དཀོན་མཆོག་དང་ ཨ་ནེམོ་ཅིག་གིས་ ཁ་གསལ་སྦེ་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ རྫོང་དཔོན་༣ གྱིས་ འགོ་འདྲེན་ཐོག་བཞེངས་མི་ ལྷ་ཁང་དེ་ ཉམས་ཆག་ཤོར་བའི་ཤུལ་ལུ་ དྲུང་པ་ལྕང་མ་བཅུ་ཤིང་གི་ གཉིད་ལམ་ནང་ མི་ཅིག་འོང་ཞིནམ་ལས་ ང་ལུ་ ཁྱིམ་མིན་འདུག་ ཁྱོད་ཀྱིས་ ཁྱིམ་ཅིག་རྐྱབ་གནང་ཟེར་ སླབ་ཡོདཔ་ལས་ གཉིད་ལམ་ནང་མཐོང་མི་ལྟར་དུ་སྦེ་ ཁོ་གིས་ ལྷ་ཁང་གི་ས་ཁོངས་ནང་ སྦ་སྒོར་ཆུང་ཀུ་ཅིག་ སྤུབས་བྱིན་པའི་ཤུལ་ལུ་ ཁོ་ར་ ཏོག་གོ་ས་ཚུ་ རང་བཞིན་ཤུགས་ཀྱིས་ ཐོབ་པའི་གཏམ་རྒྱུད་ཡོད་ཟེར་ སྒོམ་ཆེན་ཚུ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༡༩༦༨ ལུ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ པདྨ་དགའ་ཚལ་ལུ་ པད་གླིང་ཆོས་འཁོར་གྱི་ དབང་ལུང་གནང་པའི་སྐབས་ ལྷ་ཁང་འདི་གི་མིང་ལུ་ ཨྱོན་དགའ་ཚལ་གླིང་ཟེར་ བཏགས་གནང་ནུག།
དཀོན་གཉེར་ ཀུན་བཟང་རྒྱལ་མཚན་གྱིས་ བཀོད་མིའི་ནང་ སྤ་རོ་སྟག་ཚང་ལས་ཚུར་བཅད་དང་ ལྷུན་རྩེ་ཀུར་སྟོད་ སེངྒེ་རྫོང་ལས་མར་བཅད་ཀྱི་ ལྷ་ཁང་ཚུ་ག་ར་ ལྷ་ཁང་འདི་གི་ ཁོངས་སུ་ མ་བསྡུ་མི་མེད་ཟེར་ ཕམ་རྒན་རྒས་ཚུ་གིས་ བཤདཔ་ཨིན་པས།
རོག་རོག་ལྷ་ཁང་ལུ་ཡོད་མི་ བདུད་དམ་ལུ་བཏགས་པར་ཨིན་ཟེར་ བོད་ལས་ བླམ་ཅིག་བྱོན་མི་གིས་ ལྷ་ཁང་གི་ གདོང་སྐོར་ལུ་ ཙན་དན་ཤིང་སྦོམ་ཅིག་ཡོད་མི་དེ་ ཉིནམ་༤ གི་རིང་ལུ་ བརྡབས་བཏང་བའི་སྐབས་ རྫས་བམ་གས་དོ་བཟུམ་མའི་ སྐད་ཤུགས་ཅན་ཅིག་གོ་བའི་ཁར་ ཤུལ་ལས་ བླམ་བོད་ལུ་བྱོནམ་ད་ ཁོ་གི་ཚབ་སྦེ་ རྒྱལ་བ་ཀརྨ་པའི་སྐུ་འདྲ་ལྷ་ཁང་ནང་ བཞག་མི་དེ་ གཏེར་སྦེ་ ད་རེས་ནངས་པར་ མཇལ་ནི་འདུག།
ལྷག་པར་དུ་ ད་ལྟོ་ཡོད་པའི་ ལྷ་ཁང་དེ་ ཧེ་མའི་ལྷ་ཁང་ ཞིག་རལ་སོང་ཡོད་མིའི་གུ་ལུ་ བཞེངས་ཡོདཔ་ལས་ དང་ཕུ་གི་ སྐུ་རྟེན་དང་ གསུང་རྟེན་ཚུ་ ས་དོང་རྐོཝ་ད་ མཇལ་ཡི་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་ ལྷ་ཁང་ཕྱི་ཡི་བཟོ་བཀོད་དང་ ནང་གི་ལྡེབས་རིས་ ཉམས་གསོ་ཞུ་རན་ཡོདཔ་ལས་ རིན་ཆེན་རྒྱལ་པོ་རྒཔོ་སྦེ་ སྡོད་པའི་སྐབས་ མི་སེར་ཚུ་འཛོམས་ཏེ་ གྲོས་བསྟུན་འབད་དེ་ གཞུང་ལས་མ་དངུལ་ཞུ་སྟེ་ ཉམས་གསོ་ཞུ་བའི་ཁར་ སྨན་ཆ་ཕུ་དགོན་པའི་བླམ་ མེ་མེ་རིན་པོ་ཆེ་དང་ མཁན་པོ་ཀ་ཏཱ་ཡ་ན་ དད་ཅན་གྱི་མི་སེར་ཚུ་གིས་ རྒྱབ་སྐྱོར་ཐོག་ལས་ ཕིཊ་༦ འབད་མི་ གསེར་ཏོག་གསར་བཞེངས་བསྒྲུབས་ཡོདཔ་ཨིན་པས།
དུས་རྒྱུན་གྱི་ གསོལ་མཆོད་ཕུལ་ནི་ལས་འགོ་བཙུགས་ ལོ་བསྟར་གྱི་ དུས་མཆོད་འབུམ་སྡེ་དང་ བསྟན་སྤྱིའི་སྐུ་རིམ་ རྒྱལ་བའི་བཀའ་འགྱུར་དག་ཚར་ དམངས་ཀྱི་བཟློག་ཐབས་རིམ་གྲོ་ལ་སོགས་པ་ཚུ་ གནང་དོ་ཡོད་པའི་ཁར་ ཚེས་བཅུའི་གར་འཆམ་ ཉིནམ་ལྔ་གནང་ནིའི་ སྲོལ་ཡང་ཡོད་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ འགྱུར་མེད་རྒེད་འོག་གི་ མི་སེར་ཚུ་ ས་གནས་ག་ཏེ་ཡོད་རུང་ བསངས་གསེར་སྐྱེམས་དང་ བཟློག་ཐབས་ཀྱི་ རིམ་གྲོ་ཚུ་རྒྱུན་མ་ཆད་པར་ འབདཝ་མས་ཟེར་ ཞུ་ནི་ཨིན།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

རྒྱལ་ཁབ་ནང་ བདེ་སྲུངཔ་བསྡོམས་༣༤,༩༣༩ ལུ་ལྷོད་ཡོདཔ།

ཁ་ཙ་ སློབ་སྦྱོང་ས་ཁོངས་༧ ལས་ ཤོ་ཐེངས་༥༤ པའི་དུས་ཐུང་བདེ་སྲུང་སྦྱོང་བརྡར་ལས་རིམ་ མཇུག་བསྡུ་ཡོདཔ་ཨིན་པས།ཤོ་ཐེངས་༥༤ པའི་ནང་ ཕོ་སྐྱེས་༡,༡༧༣ དང་ ཨམ་སྲུ་༡,༠༨༧ འབདཝ་ད་ ངོ་རྐྱང་བསྡོམས་༢,༢༦༠ གིས་ བསམ་རྩེ་བརྟན་འབྲུག་བྱང་སེང་༡ པ་དང་ …

Leave a Reply

Your email address will not be published. Required fields are marked *