ཨེསི་ཨེམ་ཡུ་གཙུག་ལག་སློབ་སྡེའི་ སློབ་ཕྲུག་ཚུ་གི་དཀའ་ངལ་ སེལ་ཚུགས་པའི་རེ་བ།

༉ རྒྱ་གར་སི་ཀེམ་མ་ནི་པཱལ་ (ཨེསི་ཨེམ་ཡུ་) གཙུག་ལག་སློབ་སྡེ་ལས་ མཐར་འཁྱོལ་མི་ སློབ་ཕྲུག་ཚུ་ ད་ལྟོ་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ འབྲེལ་ཡོད་ལས་སྡེ་ཆ་མཉམ་དང་གཅིག་ཁར་ ཁོང་རའི་ མཐོ་རིམ་ཤེས་ཚད་ལག་ཁྱེར་ཚུ་ལུ་ ངོས་འཛིན་འབད་ནིའི་སྐོར་ལས་ གྲོས་བསྟུན་འབད་ནི་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༡ ལུ་ ཨེསི་ཨེམ་ཡུ་གཙུག་ལག་སློབ་སྡེའི་ ན་གཞོན་༤༨ འབད་མི་ སྡེ་ཚན་ཅིག་གིས་ བློན་ཆེན་དང་གཅིག་ཁར་ འཇལ་ཕྲད་གནངམ་ད་ བློན་ཆེན་གྱིས་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ ཞལ་འཛོམས་ཅིག་ འཚོགས་ཐོག་ལས་ བརྡ་དོན་ཕྱི་འགྱུར་སྤྲོད་ཡོད་པ་ཅིན་ དགོས་སེལ་གནང་ནི་སྦེ་ ཞལ་གྱིས་བཞེས་གནང་ནི་དེ་གིས་ཨིན་པས།
ཨེསི་ཨེམ་ཡུ་གི་ ཤེས་ཚད་ལག་ཁྱེར་འཆང་མི་ཚུ་གིས་ བཤད་མིའི་ནང་ ཞལ་འཛོམས་དེ་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་པ་ཅིན་ ཁོང་གི་དོགས་པ་དང་ གོ་བ་ཕྱི་འགྱུར་གོ་མི་ཚུ་ དྭགས་གསལ་འགྱོ་ནི་མས་ཟེར་ཨིན་པས།
དེ་མ་ཚད་ གཙུག་ལག་སློབ་སྡེ་ལས་ མཐར་འཁྱོལ་མི་ ལ་ལོ་ཅིག་ ད་རེས་ སྔོན་འགྲོའི་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་ཡོད་མི་ཚུ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ ཆོས་རྒྱུགས་ཀྱི་དོན་ལུ་ གྲ་སྒྲིག་འབད་ནི་དང་ ད་རེས་ གཙུག་ལག་སློབ་སྡེའི་འོག་ལུ་ མཐོ་རིམ་ཤེས་ཡོན་སྦྱང་མི་ཚུ་ལུ་ཡང་ ལྷན་ཐབས་འབྱུང་ནི་མས་ཟེར་ བཤདཔ་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ དེ་ལས་ འབྲུག་ངོ་སྦྱོར་ཚོགས་སྡེ་གིས་ གནད་དོན་དེ་གི་སྐོར་ལས་ བདེན་ཁུངས་སོ་སོར་ བཤད་མི་ལུ་བརྟེན་ ད་ཚུན་གྱི་བར་ན་ ན་གཞོན་མང་ཤོས་ཅིག་ར་ བསམ་པ་རྫོགསཔ་ལས་ བློན་ཆེན་གྱི་ སྐུ་མདུན་ལུ་བཅར་ནུག།
ཁོང་གིས་འབད་བ་ཅིན་ ལས་སྡེ་ཚུ་ལས་ རང་སོའི་བདེན་ཁུངས་བཟང་སྡོད་ནི་མེན་པར་ འཕྲལ་མགྱོགས་ར་ གྲོས་ཆོད་ཅིག་ བཏོན་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཨེསི་ཨེམ་ཡུ་གི་ ན་གཞོན་ཚུ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ ཨེསི་ཨེམ་ཡུ་ གཙུག་ལག་སློབ་སྡེ་ལས་ མཐར་འཁྱོལ་མི་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ བློན་ཆེན་དང་གཅིག་ཁར་ འཇལ་ཕྲད་གནང་པའི་སྐབས་ བློན་ཆེན་གྱིས་འབད་རུང་ གནད་དོན་དེ་ མགུ་འཐོམ་སི་སི་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ ཞལ་འཛོམས་ཅིག་ འཚོགས་དགོཔ་འདུག་ཟེར་ གསུངས་མི་ལུ་བརྟེན་ བློ་བདེ་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ མཐར་འཁྱོལ་མི་ དཀོན་མཆོག་ལྷ་མོ་གིས་ སླབ་མིའི་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཡིག་ཚང་ནང་ བཅར་བའི་སྐབས་ འབྲུག་ངོ་སྦྱོར་ཚོགས་སྡེ་ནང་སོང་ཟེར་ ཧད་འཕུལ་མི་ལུ་བརྟེན་ ཞལ་འཛོམས་འཚོགས་ནི་ལུ་ བསྒུག་དོ་ཟེར་ཨིན་པས།
ཁྲོམ་དཔོན་གྱི་ བཙག་འཐུའི་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཨེསི་ཨེམ་ཡུ་ལས་ མཐར་འཁྱོལ་མི་ ཧཱ་ལས་ ཨམ་སྲུ་༢ ཀྱིས་ སྤྱི་ལོ་༢༠༡༦ ལུ་ འབྲུག་ངོ་སྦྱོར་ཚོགས་སྡེ་ལས་ མཐོ་རིམ་ཤེས་ཚད་ལག་ཁྱེར་གུ་ ངོས་འཛིན་ཡོད་པའི་ ངོ་སྦྱོར་ལེན་ནི་འབདཝ་ད་ ཁོང་གི་ཤེས་ཚད་དེ་ ཐག་རིང་ཤེས་ཡོན་སྦྱངས་ཡོད་པའི་ ཤེས་རྟོགས་བྱུང་མི་ལུ་བརྟེན་ ཤེས་ཚད་ལག་ཁྱེར་ལུ་ ངོས་འཛིན་འབད་མ་བཏུབ་ཨིན་པས།
དེ་གི་ཤུལ་ལས་ ཨེསི་ཨེམ་ཡུ་ གཙུག་ལག་སློབ་སྡེའི་ལས་ མཐར་འཁྱོལ་མི་ སློབ་ཕྲུག་ག་ར་ རྒྱལ་གཞུང་ཞི་ གཡོག་ལྷན་ཚོགས་ཀྱིས་ ངོས་ལེན་འབད་མ་བཏུབ་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ གལ་སྲིད་ འབྲུག་ངོ་སྦྱོར་ཚོགས་སྡེ་གིས་ ན་གཞོན་ཚུ་གི་ ལག་ཁྱེར་དེ་ ངོ་སྦྱོར་འབད་བ་ཅིན་ བརྟག་ཞིབ་ལེགས་ཤོམ་འབད་ཐོག་ལས་ ངོས་ལེན་འབད་དགོཔ་འོང་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ད་རེས་ ཨེསི་ཨེམ་ཡུ་གཙུག་ལག་སློབ་སྡེ་ལས་ ན་གཞོན་དག་པ་ཅིག་གིས་ སྔོན་འགྲོའི་ཆོས་རྒྱུགས་ རྐྱབ་མི་དེ་ཡང་ ཆོས་རྒྱུགས་ཀྱི་དོན་ལུ་ ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་འབད་དེ་ཡོདཔ་ལས་ བདེན་དཔྱད་འབདཝ་ད་ བདའ་མ་ཟུན་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
ཨིན་རུང་ ཆོས་རྒྱུགས་ངོ་མ་རྐྱབ་ནིའི་དོན་ལུ་ མཐོ་རིམ་ཤེས་ཚད་ཀྱི་ ཡིག་ཆ་ཚུ་ བདེན་དཔྱད་འབད་བའི་སྐབས་ བདའ་ཟུན་ནི་ཨིནམ་ལས་ ཆོས་རྒྱུགས་རྐྱབ་ནི་ལུ་ ལཱ་ཁག་གཏང་འོང་ཟེར་ཨིནཔས།
ཨེསི་ཨེམ་ཡུ་གཙུག་སྡེ་འོག་གི་ སིསི་སིག་མ་ མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་ཏེ་ ད་རེས་ ལྷན་ཚོགས་ཀྱི་ སྔོན་འགྲོའི་ཆོས་རྒྱུགས་རྐྱབ་མི་ བསོད་ནམས་ཆོས་འཕེལ་གྱིས་ སླབ་མིའི་ནང་ སྔོན་འགྲོའི་དོན་ལུ་ ཐོ་བཀོད་འབད་བའི་སྐབས་ ངོས་ལེན་འབད་ནུག་ཟེར་ཨིནམ་ད་ ཆོས་རྒྱུགས་ངོ་མ་ རྐྱབ་ནི་གི་ གོ་སྐབས་མ་བྱིན་པ་ཅིན་ ག་ཅི་སྦེ་ ངོས་ལེན་འབད་འབདཝ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ཨེསི་ཨེམ་ཡུ་གཙུག་སྡེ་ལས་ ཤེས་ཚད་ལག་ཁྱེར་ཚུ་ལུ་ ངོས་ལེན་ཡོདཔ་ བཟོ་ནིའི་དོན་ལུ་ ག་དེ་དྲག་དྲག་ ཆ་རོགས་འབད་ནི་གི་ རྩ་འགེངས་ཡོད་རུང་ བཙག་འཐུ་ལྷན་ཚོགས་དང་ ཞི་གཡོག་ལྷན་ཚོགས་གཉིས་ཆ་ར་གིས་ ངོས་ལེན་འབད་མ་བཏུབ་ཟེར་ སྤྱི་ཟླ་༨ པའི་ཚེས་༤ ལུ་ བརྡ་བརྒྱུདཔ་ཚུ་དང་ ཞལ་འཛོམས་འཚོགསཔ་ད་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ བཤད་ཡོདཔ་ཨིན་པས།
དཀའ་ངལ་དེ་ཡང་ སྤྱི་ལོ་༢༠༡༥ ལུ་ འབྲུག་ངོ་སྦྱོར་ཚོགས་སྡེ་གིས་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ལས་ མཐོ་རིམ་ཤེས་ཚད་ཀྱི་ ངོ་སྦྱོར་བྱིན་ནིའི་ འགན་ཁུར་རྩིས་ལེན་པའི་སྐབས་མ་གཏོགས་ ཤེས་རྟོགས་བྱུང་མ་ཚུགས་པས།
སྤྱི་ལོ་༢༠༠༤ ཟླ་༦ པ་ལས་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༧ ཟླ་༥ ཚུན་ ཨེསི་ཨེམ་ཡུ་གཙུག་ལག་སློབ་སྡེ་ལས་ འབྲུག་པའི་ན་གཞོན་༡,༤༢༣ གྱིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་བཞིན་དུ་ ད་ལྟོ་ སློབ་ཕྲུག་༤༠༤ གིས་ ཤེས་ཡོན་སྦྱང་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ གཙུག་ལག་སློབ་སྡེ་ནང་ སློབ་ཕྲུག་ཕུད་རྡོག་གཅིག་ཡང་ འཛུལ་ཞུགས་མ་འབདཝ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *