ལོ་༡༠ ལྷག་མི་ ནང་ཁོངས་བརྟག་དཔྱད་འཕྲུལ་ཆས་ ཨེམ་ཨར་ཨའེ།

ཨེམ་ཨར་ཨའེ་ཞབས་ཏོག་ སྤྱི་ཟླ་དང་པའི་ནང་ལས་ ལོག་འགོ་བཙུགས་ནི།

༉ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་གྱིས་ མི་གཟུགས་ཀྱི་ ནང་ཁོང་བརྟག་དཔྱད་འཕྲུལ་ཆས་ ཨེམ་ཨར་ཨའེ་གི་ ཞབས་ཏོག་མཚམས་འཇོག་འབད་མི་དེ་ སང་ཕོད་ སྤྱི་ཟླ་དང་པའི་ནང་ལས་ ལོག་འགོ་བཙུགས་ནི་ཨིན་པས།
རྒྱལ་ཁབ་ནང་ འཕྲུལ་ཆས་ཕུད་རྡོག་གཅིག་ལས་བརྒལ་མེད་མི་དེ་ཡང་ ད་རེས་ནངས་པར་ བསྐྱར་གསོ་འབད་བའི་བསྒང་ཡོདཔ་ལས་ སྨན་ཁང་གིས་ ནདཔ་ཚུ་ལུ་ ཞབས་ཏོག་བྱིན་ནི་ལས་ མཚམས་འཇོག་འབད་དེ་ ཟླཝ་ལྷགཔ་ཅིག་ལང་ནུག།
ཨེམ་ཨར་ཨའེ་དེ་ ཉེན་སྲུང་ཅན་གྱི་ འཕྲུལ་ཆས་ཅིག་ཨིནམ་ད་ དེ་གིས་ ན་ཟུག་ག་ནི་ཡང་མེད་པར་ མི་གཟུགས་ཀྱི་ ནང་ཁོངས་ཆ་མཉམ་ར་ བརྟག་དཔྱད་འབད་ཚུགས་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ འཕྲུལ་ཆས་ཀྱི་ ཞབས་ཏོག་མཚམས་འཇོག་འབད་བའི་ཤུལ་ལས་ གློ་བུར་འཕྲུལ་ཆས་ཀྱི་ ཞབས་ཏོག་དགོཔ་ ངེས་བདེན་ཡོད་མི་ནདཔ་༧ དེ་ཅིག་ རྒྱ་གར་སི་ལི་གུ་རི་ལུ་ ཞབས་ཏོག་གི་དོན་ལུ་ བཏང་ཡོདཔ་ཨིན་པས།
སྨན་ཁང་གི་སྡེ་འཛིན་ ཌོག་ཊར་གོ་གསར་སྤེན་པ་གིས་ སླབ་མིའི་ནང་ འཕྲུལ་ཆས་དེ་ རྙིངམ་ཐལ་བའི་ཁར་ འཕྲུལ་ཆས་ཀྱི་ཐུབ་ཚད་ ལོ་༡༠ ལང་ཡོདཔ་མ་ཚད་ ལཱ་ལེགས་ཤོམ་སྦེ་ འབད་མ་བཏུབ་མི་ལུ་བརྟེན་ ཞབས་ཏོག་དེ་ མཚམས་འཇོག་འབད་དགོཔ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་ཁར་ལས་ཕར་ འཕྲུལ་ཆས་ཀྱི་ བཟོ་བཀོད་གསརཔ་ཐོན་ཡོདཔ་ལས་ འཕྲུལ་ཆས་རྙིངམ་གི་ ཡན་ལག་ཚུ་འཐོབ་ཚུགས་པར་ ལཱ་ཁག་བཏང་མི་ལུ་བརྟེན་ འཕྲུལ་ཆས་དེ་ འཕྲལ་འཕྲལ་ར་ མེདཔ་ཐལཝ་མས་ཟེར་ཨིནམ་ད་ འཕྲུལ་ཆས་གསརཔ་ མཁོ་སྒྲུབ་འབད་ནིའི་མ་དངུལ་མེདཔ་ལས་ བསྐྱར་གསོ་འབད་དོ་ཟེར་ གསོ་བའི་སྡེ་འཛིན་གྱིས་ བཤད་ཅི།
ད་ལྟོ་ཡོད་མིའི་ སིཊ་ན་ ཨཆ་ཌི་འཕྲུལ་ཆས་དེ་ སོཊ་ན་ལམ་ལུགས་ཀྱི་ འཕྲུལ་ཆས་ནང་ བསྐྱར་གསོ་འབད་དོ་ཡོདཔ་ལས་ བསྐྱར་གསོའི་བྱ་རིམ་དེ་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ནི་ཨིནམ་བཞིན་དུ་ ཞབས་ཏོག་དེ་ སྤྱི་ཟླ་དང་པའི་ནང་མ་གཏོགས་ བྱིན་མི་ཚུགས་ནི་ཨིན་པས།
ཌོག་ཊར་གོ་གསར་སྤེནམ་པ་གིས་ སླབ་མིའི་ནང་ ནདཔ་ཚུ་ སི་ལི་གོ་རི་ལུ་ ཞབས་ཏོག་དོན་ལུ་ བཏང་བའི་སྐབས་ སྐྱེལ་འདྲེན་དང་ ཞབས་ཏོག་གི་འཐུས་ཚུ་ སྨན་ཁང་གིས་ བྱིན་དོ་ཟེར་ཨིནམ་ད་ ཞབས་ཏོག་གི་ འཐུས་ཚུ་ཡང་ གཟུགས་ཀྱི་ཡན་ལག་ནང་ ཞབས་ཏོག་ལེན་མི་དང་འཁྲིལ་ཏེ་ གནས་དོ་ཡོདཔ་ཨིན་པས།
མི་གཟུགས་ཧྲིལ་པོར་ཐོག་ འཕྲུལ་ཆས་ཀྱི་ཞབས་ཏོག་ལེན་པ་ཅིན་ འཐུས་དངུལ་ཀྲམ་༢༢,༠༠༠ ཕོག་པའི་ཁར་ མངལ་སྒོ་ལུ་ དངུལ་ཀྲམ་༨,༠༠༠ དེ་ལས་ ཕོ་ཅུངམ་ལུ་ ཨེམ་ཨར་ཨའི་རྐྱབ་པ་ཅིན་ འཐུས་དངུལ་ཀྲམ་༡༢,༠༠༠ གནས་ནི་ཨིན་པས།
སྨན་ཁང་གི་ སྐྱེ་ལྡན་འཕྲུལ་ལསཔ་ རིག་རྒྱལ་ནོར་བུ་གིས་ སླབ་མིའི་ནང་ འཕྲུལ་ཆས་དེ་ གོང་ཅན་འབད་ནི་དེ་གིས་ གསརཔ་མཁོ་སྒྲུབ་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༦༠-༧༠ དེ་རེ་ གནས་ནི་ཨིནམ་ད་ འཕྲུལ་ཆས་དེ་ བསྐྱར་གསོ་འབད་རུང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༠-༤༠ དེ་རེ་ གནས་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ འཕྲུལ་ཆས་ཀྱི་ ཐུབ་ཚད་བརྒལ་སོ་རུང་ ལག་ལེན་འཐབ་པ་ཅིན་ མི་ལུ་ཤི་རྐྱེན་འབྱུང་ནིའི་ ཉེན་ཁ་ཡོདཔ་མ་ཚད་ ཞབས་ཏོག་ཚུ་ཡང་ ལེགས་ཤོམ་ཐོབ་མི་ཚུགས་ཟེར་ཨིན་པས།
སྨན་ཁང་གིས་ འཕྲུལ་ཆས་བཟོ་མི་ བཟོ་གྲྭ་འཕྲུལ་ཁང་དང་གཅིག་ཁར་ འབྲེལ་བ་འཐབ་ཡོདཔ་བཞིན་དུ་ ལོ་རེ་ནང་ སྨན་ཁང་གིས་ བཟོ་གྲྭ་འཕྲུལ་ཁང་ལུ་ དངུལ་ཀྲམ་༣,༥༠༠,༠༠༠ དེ་རེ་ བྱིན་མི་ལུ་བརྟེན་ འཕྲུལ་ཆས་དེ་ ཁོང་གིས་ ལེགས་ཤོམ་སྦེ་ རྒྱུན་སྐྱོང་འཐབ་ བྱིན་དོ་ཡོདཔ་ཨིན་པས།
འཕྲུལ་ལསཔ་གིས་ འབད་བ་ཅིན་ འཕྲུལ་ཆས་དེ་ མེདཔ་ཐལ་བའི་སྐབས་སུ་ ང་བཅས་ཀྱིས་ དཀྲོགས་མི་ཆོགཔ་ལས་ འཕྲུལ་ཆས་མེད་ཐལཝ་ད་ བཟོ་གྲྭ་འཕྲུལ་ཁང་ནང་ སྙན་ཞུ་འབད་ཞིནམ་ལས་ ཁོང་ར་གིས་ བཟོ་བར་འོངམ་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *