༉ ཐིམ་ཕུག་ལུ་ ཨེ་ཤི་ཡཱན་སྤྱི་ཚོགས་ཚོགས་འདུའི་ མི་སྡེ་དང་ ལམ་སྲོལ་གཏན་འཇགས་ཚོགས་ཆུང་གི་ ཞལ་འཛོམས་འགོ་དང་པ་ འགོ་འདྲེན་འཐབ་མི་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པས།
ཞལ་འཛོམས་དེ་ནང་ རྒྱལ་ཁབ་༢༠ ལས་ སྤྱི་ཚོགས་ཀྱི་ འཐུས་མི་༡༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཏེ་ཡོདཔ་བཞིན་དུ་ དེ་ནང་ འབྲུག་གི་ རྒྱལ་ཡོངས་ཚོགས་འདུས་དང་ རྒྱལ་ཡོངས་ཚོགས་སྡེ་ལས་ མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གི་ འཐུས་མི་༡༢ ཡོདཔ་ཨིན་པས།
ཞལ་འཛོམས་དེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འགོ་འབྱེད་གནང་ཡོདཔ་ད་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ ད་རེས་ཀྱི་ ཞལ་འཛོམས་དེ་ ཞལ་འཛོམས་བ་ལྷགཔ་སྦེ་ ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ མི་སེར་ཚུ་གི་དོན་ལུ་ དུས་སྟོན་བཟང་པོ་ཅིག་ཨིནམ་མ་ཚད་ ཞལ་འཛོམས་སྐབས་ འཐུས་མི་ཚུ་གིས་ རྒྱལ་ཁབ་སོ་སོའི་ལམ་སྲོལ་ཚུ་ བརྗེ་སོར་འབད་ནིའི་ གོ་སྐབས་ཨིན་པའི་ཁར་ ཨ་ཤི་ཡ་ལུང་ཕྱོགས་ཀྱི་ མ་འོངས་པའི་དོན་ལུ་ གཅིག་མཐུན་ཐོག་ལས་ ལཱ་འབད་ཚུགས་ཟེར་བཤད་ཅི།
ཚོགས་དཔོན་གྱིས་ ཞལ་འཛོམས་ནང་ བཅའ་མར་གཏོགས་པའི་ཤུལ་ལས་ ལུང་ཕྱོགས་ནང་ གཅིག་མཐུན་གྱི་ དམིགས་དོན་ཚུ་ལུ་ གྲོས་འཆམ་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་བཤད་ཅི།
ཚོགས་དཔོན་གྱིས་འབད་བ་ཅིན་ ལུང་ཕྱོགས་ནང་ ལམ་སྲོལ་ཚུ་ དར་ཁྱབ་གཏང་ནིའི་དོན་ལུ་ མཐུན་རྐྱེན་ཚུ་དགོ་པའི་ཁར་ ཁྲིམས་མཐུན་ལམ་ལུགས་ཚུ་ཡང་ དགོཔ་ཁག་ཆེ་ཟེར་ཨིནམ་ད་ འབྲུག་འདི་ ལམ་སྲོལ་གྱིས་ཕྱུག་པའི་ རྒྱལ་ཁབ་ཨིནམ་ལས་ འཛམ་གླིང་ནང་ དར་ཁྱབ་གཏང་ནིའི་ འོས་འབབ་ཡོད་ཟེར་བཤད་ཅི།
ཀེམ་བོ་ཌི་ཡའི་ རྒྱལ་ཡོངས་ཚོགས་འདུའི་ གཙོ་འཛིན་འོགམ་ ཌོག་ཊར་ངུན་ངིལ་གྱིས་ ཞལ་འཛོམས་དེ་ ལུང་ཕྱོགས་ནང་ འབྲེལ་བ་ཡོད་པའི་ ཞལ་འཛོམས་ཅིག་ཨིན་མི་དེ་ཡང་ འཐུས་མི་ཚུ་གིས་ ཚོགས་ཆུང་ནང་ བཀོད་ཡོད་མི་ དམིགས་དོན་ཚུ་ལུ་ ཕན་གྲོགས་འབད་ནི་དེ་གིས་ཨིནམ་སྦེ་བཤད་ཅི།
ད་རུང་ ཞལ་འཛོམས་དེ་གིས་ སྤྱི་ལོ་༢༠༣༠ ལས་ རྒྱལ་ཁབ་ག་རའི་ནང་ ཡུན་བརྟན་གྱི་དོན་ཚན་༡༧ འགྲུབ་ཚུགས་འབད་ནི་ལུ་ ཤུགས་བཏོན་ནི་དང་ ལམ་སྲོལ་མེད་པ་ཅིན་ རྒྱལ་ཁབ་ནང་ གོང་འཕེལ་གྱི་རིགས་ག་ནི་ཡང་ འགྱོ་མི་ཚུགས་ཟེར་ ཁོ་གིས་ བཤད་ཅི།
འཐུས་མི་རྒྱལ་ཁབ་ཚུ་གི་ འཐུས་མི་ཚུ་གིས་ ལམ་སྲོལ་དང་ མི་སྡེ་དང་འབྲེལ་བའི་ དོན་ཚན་ཚུ་ བརྗེ་སོར་འབད་ནིའི་ གོ་སྐབས་བྱིན་པའི་ཁར་ ཀེམ་བོ་ཌི་ཡ་རྒྱལ་ཁབ་ཀྱིས་ཡང་ ལམ་སྲོལ་གོང་འཕེལ་གཏང་ནི་དང་ རྒྱུན་སྐྱོང་འབད་ནིའི་ནང་ ཤུགས་བཏོན་ཏེ་ཡོད་ཟེར་བཤད་ཅི།
ཉིནམ་གཉིས་ཀྱི་ ཞལ་འཛོམས་སྐབས་ འཐུས་མི་ཚུ་གིས་ གནད་དོན་ཁག་༩ ནང་ གྲོས་བསྟུན་འབད་ནི་ཨིན་མིའི་གྲས་ལས་ ཨེ་ཤི་ཡ་ལུང་ཕྱོགས་ནང་ ལམ་སྲོལ་ཡར་དྲག་གཏང་ནི་དང་ ཉམས་སྲུང་འབད་ནིའི་སྐོར་ལས་ གྲོས་བསྟུན་འབད་ནི་ཨིན་པས།
དེ་མ་ཚད་ ལུང་ཕྱོགས་ནང་ ངན་ལྷད་དང་ ཨམ་སྲུ་སྤྱི་ཚོགས་ཀྱི་འཐུས་མི་ དེ་ལས་ ལུང་ཕྱོགས་ནང་ བློ་གཏད་ཅན་གྱི་ གྲོས་བསྡུར་ཚུ་འབད་ནིའི་སྐོར་ལས་ གསུང་གྲོས་གནང་ནི་ཨིན་པས།
ཨེ་ཤི་ཡཱན་སྤྱི་ཚོགས་ཚོགས་འདུའི་ མི་སྡེ་དང་ ལམ་སྲོལ་གཏན་འཇགས་ཚོགས་ཆུང་གི་ ཡོངས་ཁྱབ་དྲུང་ཆེན་ ཌོག་ཊར་མོ་ཧཱ་མདཱ་ རི་ཟ་ མ་ཇི་དི་གིས་ བཤད་མིའི་ནང་ སྤྱི་ཚོགས་ཀྱི་ མཉམ་འབྲེལ་ཚུ་ ལེགས་ཤོམ་ཡོད་པ་ཅིན་ ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཚུ་ག་ར་ གྲ་སྒྲིག་འདུག་ཟེརཨིན་པས།
ཚོགས་ཆུང་དེ་ སྤྱི་ལོ་༡༩༩༩ ལུ་ གཞི་བཙུགས་འབད་ཡོདཔ་ད་ དེ་ནང་ སྤྱི་ཚོགས་ཀྱི་འཐུས་མི་༤༢ དང་ འཐུས་མི་༡༧༠ ཡོད་པའི་ཁར་ འབྲུག་གི་དོན་ལུ་ སྡོད་ཁྲི་༢ ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།