ཨེ་ཤི་ཡཱན་སྤྱི་ཚོགས་ཚོགས་འདུའི་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ གྲོས་འདེབས་ཁག་༡༠ ཆ་འཇོག།

༉ ཁ་ཙ་མཇུག་བསྡུ་མི་ ཨེ་ཤི་ཡཱན་སྤྱི་ཚོགས་ཚོགས་འདུའི་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ སྤྱི་མཐུན་གྱི་ཐོག་ལས་ གྲོས་འདེབས་ཁག་༡༠ གུ་ གྲོས་འཆམ་བྱུང་ཡི།
གྲོས་འདེབས་ཚུ་ཡང་ བཅའ་མར་གཏོགས་མི་ རྒྱལ་ཁབ་ཚུའི་བར་ན་ ལམ་སྲོལ་དང་བརྡ་དོན་དང་འཕྲུལ་རིག་ འདྲ་མཉམ་གྱི་གསོ་བ་ ངན་ལྷད་ ཨམ་སྲུ་སྤྱི་ཚོགས་ཀྱི་འཐུས་མི་ གནས་སྤོ་སྟེ་ལཱ་འབད་སྡོད་མི་ སྨྱོ་རྫས་ནག་ཚོང་འཐབ་མི་དང་ ཨེ་ཤི་ཡཱན་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ མི་དང་འབྲེལ་བའི་གྲོགས་རམ་ འབད་ནི་ཚུ་ཨིན་པས།
དོན་ཚན་ཚུ་ལུ་ གྲོས་མཐུན་འབད་ནིའི་དོན་ལུ་ འཐུས་མི་ཚུ་གིས་ ཉིན་གྲངས་༢ ཀྱི་རིང་ ཡུན་རིང་གི་ གྲོས་བསྡུར་ཚུ་འབད་ཡོདཔ་ད་ ད་རེས་ གྲོས་འཆམ་བྱུང་མི་ དོན་ཚན་༡༠ དེ་ མཐའན་མཇུག་གི་ ཆ་འཇོག་འབད་ནིའི་དོན་ལུ་ སྤྱི་ཟླ་༡༠ པའི་ནང་ ཀེམ་བོ་ཌི་ཡ་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་མི་ ཚོགས་ཆུང་གི་ཚོགས་སྡེ་ནང་ བཙུགས་ནི་ཨིན་པས།
མཇུག་བསྡུའི་ལས་རིམ་ནང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ ཌོག་ཊར་ བསོད་ནམས་ཀུན་དགའ་གིས་ མ་འོངས་པར་ རྒྱལ་ཁབ་རང་རྐྱང་སྦེ་ སྡོད་ཐབས་མེདཔ་ལས་ ལུང་ཕྱོགས་ཀྱི་ རྒྱལ་ཁབ་ཚུའི་བར་ན་ མཐུན་ལམ་བཟོ་ནི་དེ་ གལ་ཆེ་ཟེར་ཨིན་པས།
ཁྲི་འཛིན་གྱིས་ འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་༡༩༧༡ ལུ་ འཛམ་གླིང་སྤྱི་ཚོགས་ནང་ འཛུལ་ནིའི་དོན་ལུ་ ཨེ་ཤི་ཡཱ་རྒྱལ་ཁབ་ བང་ལ་དེཤ་དང་ བྷ་རིན་ པ་ཀིས་ཏཱན་ དེ་ལས་ སི་རི་ཡ་རྒྱལ་ཁབ་ཚུ་གིས་ གྲོགས་རམ་འབད་ཡོད་པའི་སྐོར་ལས་ ལོ་རྒྱུས་ཚུ་བཤད་ཡོདཔ་ད་ རྒྱལ་ཁབ་དེ་ཚུ་གིས་ འབྲུག་གི་ཧོངས་ལས་ གསལ་བཤད་འབད་མི་ལུ་ དགའ་ཚོར་ཡོད་ལུགས་ཚུ་ བཤད་ཅི།
ལམ་སྲོལ་དང་འབྲེལ་བའི་ གྲོས་འདེབས་ནང་ལྷོདཔ་ད་ བཅའ་མར་གཏོགས་མི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ མི་སྡེ་དང་ཁྲིམས་བཟོའི་གནས་ཚད་ནང་ གྲོས་བསྡུར་འབད་ནི་དང་ ཨེ་ཤི་ཡཱན་ལུང་ཕྱོགས་ཀྱི་ སྒྱུ་རྩལ་མཁནམ་ཚུ་ལུ་ གསོལ་རས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནིའི་ གྲོས་འཆམ་བྱུང་ཡི།
གསོ་བ་འདྲ་མཉམ་གྱི་ཐད་ཁར་ལྷོདཔ་ད་ འཐུས་མི་རྒྱལ་ཁབ་ཚུ་གིས་ རྒྱལ་ཁབ་ཚུ་ནང་ འདྲ་མཉམ་གྱི་གསོ་བའི་མཐུན་རྐྱེན་ཚུ་ འཐོབ་ཚུགསཔ་བཟོ་ནིའི་ཐབས་ལུ་ རྒྱལ་སྤྱི་གསོ་བའི་གྲོས་འཛོམས་ནང་ བཙུགས་ནིའི་དོན་ལུ རྒྱལ་ཡོངས་ཀྱི་ ཁྲིམས་མཐུན་བཟོ་ནིའི་གྲོས་ཐག་བཅད་ཅིི།
དེ་ལས་ གནས་སྤོ་འགྱོ་མི་ ལས་མི་ཚུ་གི་དབང་ཆ་ཚུ་ བྱིན་ནིའི་དོན་ལུ་ཡང་ ཁྲིམས་འབྲེལ་བཟོ་ནིའི་ གྲོས་འཆམ་བྱུང་ཡོདཔ་ད་ ངན་ལྷད་ཀྱི་ཐད་ཁར་ལྷོདཔ་ད་ བཀག་ཆ་འབད་ནིའི་ གྲོས་འཆམ་བྱུང་ཡི།
ཨམ་སྲུ་སྤྱི་ཚོགས་ཀྱི་ འཐུས་མིའི་ཐད་ཁར་ལྷོདཔ་ད་ སྤྱི་ཚོགས་ནང་ གྲོས་ཐག་བཅད་སའི་ ས་ཁོངས་ནང་ ཨམ་སྲུ་ཚུ་ཡང་ ཚུད་དགོ་པའི་ གྲོས་འཆམ་བྱུང་ཡོདཔ་ད་ ཨམ་སྲུ་འཐུས་མི་ཚུ་གིས་འབད་རུང་ མི་སྡེ་དང་ལམ་སྲོལ་ དཔལ་འབྱོར་དང་ སྲིད་དོན་ནང་ བཅའ་མར་གཏོགས་ནི་ལུ་ སེམས་ཤུགས་བསྐྱེད་དགོ་ཟེར་ཨིན་པས།
ལམ་སྲོལ་དང་འབྲེལ་བའི་ ཅ་དངོས་ནག་ཚོང་འཐབ་མི་ཚུའི་དོན་ལུ་ གདོང་ལེན་ཚུ་ བཀག་ཆ་འབད་ཐབས་ལུ་ རྒྱལ་ཡོངས་ཀྱི་ སྲིད་བྱུས་དང་ ཁྲིམས་ལུགས་ཚུ་ བཟོ་ནི་དང་ རྒྱལ་སྤྱི་གནས་ཚད་ནང་ཡང་ གནད་དོན་དེ་ ཚུད་དགོ་པའི་གྲོས་འཆམ་བྱུང་ཡི།
སི་རི་ཡ་དང་ ཡེ་མཱིན་ དེ་ལས་ མེ་ཡཱན་མར་རྒྱལ་ཁབ་ཚུ་ནང་ མི་དང་འབྲེལ་བའི་དཀའ་ངལ་སྦོམ་འཐོན་ནི་གུ་ ལྷོད་ཡོདཔ་ལས་ རྒྱལ་ཁབ་དེ་ཚུ་ནང་ མི་དང་འབྲེལ་བའི་གྲོགས་རམ་ཚུ་ བྱིན་དགོཔ་འདུག་ཟེར་བཤད་ཅི།
ཚོགས་པའི་ཁྲི་འཛིན་ཨིན་མི་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ ཞལ་འཛོམས་དེ་ འགོ་དང་པ་ཨིན་རུང་ མཐར་འཁྱོལ་ཅན་བྱུང་ཡི་ཟེར་ཨིནམ་ད་ བཅའ་མར་གཏོགས་མི་ འཐུས་མི་ཚུ་གིས་ མི་དབང་མཆོག་ལུ་ དགའ་ཚོར་ཡོད་ལུགས་ཚུ་ ཞུ་དགོཔ་སྦེ་ བཤད་མི་དེ་ཡང་ འཕྲལ་མགྱོགས་ར་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལུ་ སྙན་ཞུ་ཕུལ་ནི་ཨིན་ཟེར་བཤད་ཅི།
ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ ཌོག་ཊར་ མོ་ཧཱ་མདཱ་ རི་ཟ་ མ་ཇི་དི་གིས་ བཤད་མིའི་ནང་ ད་རེས་ གྲོས་འཆམ་བྱུང་མི་དོན་ཚན་ཚུ་ག་ར་ རིམ་པ་དང་འཁྲིལ་ གྲོས་ཐག་བཅད་ནིའི་དོན་ལུ་ ལཱ་ཚུ་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *