༉ ཁ་ཙ་ འབྲུག་གཞུང་དང་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ གསོ་བའི་ལས་སྡེ་གོང་འཕེལ་ལས་རིམ་དང་ ལག་ཤེས་སྦྱོང་བརྡར་དང་ ཤེས་ཡོན་རྒྱ་སྐྱེད་ལས་འགུལ་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༣༥ གྲོགས་རམ་བྱིན་ནིའི་དོན་ལུ་ མཚན་རྟགས་བཀོད་ཅི།
དངུལ་རྩིས་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ གསོ་བའི་དོན་ལུ་བཞག་མི་ མ་དངུལ་ཡུ་ཨེསི་ཌོ་ལར་ས་ཡ་༢༠ པོ་དེ་གིས་ གསོ་བའི་ཞབས་ཏོག་ཚུ་ འདྲ་མཉམ་ཐོག་ལས་ཐོབ་སྟེ་ གསོ་བའི་ལམ་ལུགས་ ཡུན་བརྟན་བཟོ་ཐབས་ལུ་ ཕན་ཐོགས་འབྱུང་འོང་ཟེར་བཀོད་ནུག།
མ་དངུལ་དེ་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༡༠ འབྲུག་གསོ་བའི་བློ་གཏད་མ་དངུལ་ནང་ གསོ་བའི་ཞབས་ཏོག་སྟོང་པར་བྱིན་མི་དེ་ ལེགས་བསྒྱུར་འབད་ཐབས་ལུ་ བྱིན་ནི་ཨིནམ་ད་ གསོ་བའི་ལྷན་ཁག་གིས་ ལས་འགུལ་དེ་ དུས་ཅི་ལས་འགོ་བཙུགས་ ལོ་ལྔའི་ནང་འཁོད་ལུ་ བསྟར་སྤྱོད་འབད་ནི་ཨིན་པས།
ལག་ཤེས་སྦྱོང་བརྡར་དང་ ཤེས་ཡོན་རྒྱ་སྐྱེད་ལས་འགུལ་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༡༥ བཞག་མི་དེ་གིས་ གཞུང་གིས་ ལག་ཤེས་དང་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ ཡར་དྲག་གཏང་ནིའི་ འཆར་གཞི་ཡོད་མི་ནང་ གྲོགས་རམ་འབད་ནི་ཨིན་པས།
དེ་ཡང་ ལས་རིམ་དེ་གིས་ འཆར་གཞི་༡༢ པའི་ནང་ ལཱ་གཡོག་དང་འབྲེལ་བ་ཡོད་མི་ དེ་ལས་ དེང་སང་གི་ དུས་མཐུན་ཡོད་པའི་ སྦྱོང་བརྡར་ཚུ་བྱིན་ནིའི་ནང་ ལག་ལེན་འཐབ་ནི་ཨིནམ་ད་ ལས་རིམ་དེ་གིས་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལས་ མཐར་འཁྱོལ་མི་དང་ སློབ་གྲྭ་ཆེ་བ་མཇུག་བསྡུ་མི་ཚུ་གིས་ ལཱ་གཡོག་འཐོབ་ནིའི་ནང་ཡང་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།
ལས་འགུལ་དེ་ཡང་ ཤེས་རིག་ལྷན་ཁག་དང་ ལས་གཡོག་ལྷན་ཁག་གིས་ སྤྱི་ལོ་༢༠༡༨ ལས་༢༠༢༥ ཚུན་ མཉམ་འབྲེལ་ཐོག་ལས་ ལག་ལེན་འཐབ་ནི་ཨིན་པས།
ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གི་ ལྷོ་ཨེ་ཤི་ཡ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཧུན་ཀིམ་གྱིས་ མ་དངུལ་དེ་གི་ཐོག་ལས་ འབྲུག་གཞུང་གིས་ མི་སྡེའི་ལས་སྡེ་ གསོ་བ་དང་ཤེས་རིག་ དེ་ལས་ འཕྲུལ་རིག་ལ་སོགས་པའི་ནང་ ཡར་དྲག་གཏང་ནིའི་དོན་ལུ་ ལས་རིམ་ཚུ་ འགོ་འདྲེན་འཐབ་མི་ལུ་ དགའ་ཚོར་ཡོད་ཟེར་ཨིན་པས།
ལས་རིམ་དེ་ཚུ་ག་ར་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་ ལས་སྡེའི་ཐབས་བྱུས་༢༠༣༠ དང་འཁྲིལ་ མི་སྟོབས་གོང་འཕེལ་དང་མི་སྡེ་ གྲལ་གཏོགས་འབད་བཅུག་ནི་ དེ་ལས་ ཤེས་རིག་ཡར་དྲག་གཏང་ནི་དང་ སྦྱོང་བརྡར་བྱིན་ནི་ དེ་ལས་ གསོ་བའི་ཞབས་ཏོག་ལེགས་ཤོམ་བྱིན་ནིའི་ དམིགས་གཏད་ཡོད་མི་དང་ མཐུན་པས་ཟེར་ ཧུན་ ཀིམ་གྱིས་བཤད་ཅི།
དེ་ལས་ དབུལ་ཕོངས་ཀྱི་དཀའ་ངལ་ སེལ་ཐབས་དང་ འདྲ་མཉམ་ཉུང་སུ་ཡོད་མི་དེ་ཡང་ མར་ཕབ་འབད་ནིའི་ནང་ ལས་རིམ་དེ་གིས་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།
ད་ལྟོ་ཡོད་མི་ ལག་ཤེས་སྦྱོང་བརྡར་དང་ འཕྲུལ་རིག་སྦྱོང་བརྡར་ལམ་ལུགས་ནང་ གདོང་ལེན་ཚུ་ཡོདཔ་ལས་ འབྲུག་གིས་སྤྱི་ལོ་༢༠༡༦ ལས་༢༠༢༦ གི་བར་ན་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ སྤུས་ཚད་ཡར་དྲག་གཏང་ནི་དང་ ལཱ་གཡོག་དང་མཐུན་པའི་ སྦྱོང་བརྡར་ཚུ་ ཡར་དྲག་གཏང་ནིའི་ འཆར་གཞི་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ལས་རིམ་དེ་གིས་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ བསྐྱར་བཟོ་འབད་མི་དེ་གིས་ རྒྱལ་ཁབ་ཀྱི་ན་གཞོན་ཚུ་གིས་ ལཱ་གཡོག་དང་འབྲེལ་བའི་ སྦྱོང་བརྡར་བྱིན་ཚུགས་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ མི་སྡེ་དང་དཔལ་འབྱོར་གོང་འཕེལ་དོན་ལུ་ གཞུང་གིས་ མི་སེར་གྱི་ གཟུགས་ཁམས་འཕྲོད་བསྟེན་ལེགས་ཤོམ་དགོ་མི་དེ་ གལ་ཆེཝ་སྦེ་ ངོས་འཛིན་འབད་དེ་ཡོད་པའི་ཁར་ དེ་གིས་ དབུལ་ཕོངས་མར་ཕབ་འབད་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།
གསོ་བའི་ལས་སྡེའི་ གོང་འཕེལ་ལས་རིམ་དེ་ཡང་ རྒྱལ་ཡོངས་གསོ་བའི་སྲིད་བྱུས་ཀྱི་ སྣང་འཆར་དང་འཁྲིལ་ རྒྱལ་ཁབ་ནང་ རྒྱལ་ཡོངས་གསོ་བའི་དམིགས་གཏད་དང་ གསོ་བའི་ཞབས་ཏོག་བྱིན་ནིའི་ནང་ རང་མགོ་རང་འདྲོངས་དང་ ཡུན་བརྟན་སྦེ་ བཟོ་ཐབས་ཀྱི་དམིགས་པ་དང་ མཐུནམ་སྦེ་ཡོད་ཟེར་ དངུལ་རྩིས་བློན་པོ་གིས་ བཤད་ཅི།
ལས་རིམ་དེ་གི་ཐོག་ལས་ འབྲུག་གིས་ རྒྱལ་སྤྱི་གསོ་བའི་སྒྲིག་གཞི་དང་འཁྲིལ་ ནད་འབུབ་བཀག་ཐབས་འབད་ནིའི་ནང་ ཐབས་བྱུས་ཀྱི་ གྲོགས་རམ་འབད་ནི་ལུ་ ཕན་གྲོགས་འབད་འོང་ཟེར་ ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།