ཨམ་སྲུ་ཚུ་གིས་ ཨེ་མའི་ཞིང་ནང་ གཡུར་མ་རྐྱབ་པའི་བསྒང་།

ཨེ་མ་འཛུགས་སྐྱོང་ལུ་བརྟེན་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོདཔ།

༉ མོང་སྒར་ཙ་ཀ་གླིང་རྒེད་འོག་གི་ སོ་ནམ་པ་ཚུ་གིས་ དངུལ་ཐོག་གཙོ་བོ་ར་ ཨེ་མ་འཛུགས་སྐྱོང་འབད་དོ་ཡོདཔ་ད་ དེ་ཡང་ སྔ་བཟའ་ཨེ་མ་དང་ དུས་ཚོད་ཨེ་མ་ཟེར་ ཁག་༢ སྦེ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།
སྔ་བཟའ་ཨེ་མ་དེ་ དུས་ཚོད་མ་རནམ་ལས་ བཟའ་ནིའི་དོན་ལུ་ ཧེ་མ་འཛུགས་སྐྱོང་འབད་མི་དེ་ལུ་ སླབ་ཨིནམ་ད་ དུས་ཚོད་ཨེ་མ་ཟེར་མི་དེ་ དུས་ཚོད་དང་བསྟུན་ འཛུགས་སྐྱོང་འབད་མི་དེ་ལུ་ སླབ་ཨིན་པས།
རྒེད་འོག་ནང་ སྔ་བཟའ་ཨེ་མ་འཛུགས་སྐྱོང་འབད་མི་ གུང་པ་༧༠ ལྷགཔ་ཅིག་གིས་ ས་ཆ་ཨེ་ཀར་༡༥ ལྷགཔ་ཅིག་ནང་ འཛུགས་སྐྱོང་འབད་དེ་འདུག།
མ་གཞི་ རྒེད་འོག་ནང་ གུང་སྟོང་མ་བརྩིས་བར་ སོ་ནམ་གྱི་ལཱ་འབད་སྡོད་མི་ གུང་པ་༣༠༠ ལྷགཔ་ཅིག་ལུ་ འཚོ་བ་གཙོ་བོ་ གེ་ཟ་ཨིན་རུང་ འདས་པའི་ལོ་དག་པ་ཅིག་གི་ཤུལ་ལས་ དངུལ་ཐོག་ཨེ་མ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
སྔ་བཟའ་ཨེ་མ་དེ་ སྤྱི་ཟླ་༡༢ པའི་ནང་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ གཏོར་མ་གཞོང་གཡུས་ཚན་གྱི་མཇུག་ལུ་ གླང་དོ་༡ ནང་ ཨེ་མ་འཛུགས་སྐྱོང་འབད་མི་ ཀུན་བཟང་ལྷ་སྒྲོན་གྱིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་འབད་བ་ཅིན་ རང་ཟླ་༡༠ པའི་ནང་ ཨེ་མ་འཛུགས་སྐྱོང་འབད་དོ་ཡོད་རུང་ དུས་ཅི་ རང་ཟླཝ་༡ པའི་ནང་མ་གཏོགས་ འགོ་བཙུགས་མ་ཚུགས་ཟེར་ཨིན་པས།
ཨ་ལོ་༣ གྱི་ཨའི་ཨིན་མི་ ཀུན་བཟང་ལྷ་སྒྲོན་གྱིས་ སླབ་མིའི་ནང་ དུས་ཅི་རང་ཟླ་༡ པའི་ནང་ འཛུགས་སྐྱོང་ འབད་དགོ་མི་དེ་ཡང་ ཨེ་མའི་ལྕངམ་ཚུ་ སྐྱེ་བའི་སྐབས་ ཆརཔ་རྐྱབ་པའི་དུས་ཚོད་ཨིནམ་ལས་ ལོགས་སུ་སྦེ་ ཆུ་དཔག་མ་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཀུན་བཟང་ལྷ་སྒྲོན་གྱི་ ཨེ་མ་ཞིང་ནང་ གཡུར་མ་རྐྱབ་པར་འོང་མི་ སྐྱེས་ལོ་༧༠ ལང་མི་ བསྟན་འཛིན་པདྨོ་ གིས་ སླབ་མིའི་ནང་ ཨེ་མ་ལུ་བརྟེན་ འོང་འབབ་བཟོ་ནི་དེ་ ལཱ་འཇམ་ཏོང་ཏོ་ཅིག་ མེན་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ འཚོ་བ་གེ་ཟ་ལུ་བརྟེན་ སྡོད་ནི་དེ་གིས་ འོང་འབབ་བཟོ་མ་ཚུགསཔ་ལས་ ཕོ་སྐྱེས་ཚུ་ འོང་འབབ་བཟོ་ནིའི་དོན་ལུ་ ཁག་འབགཔ་དང་ ཁྱིམ་བཟོ་སྐྲུན་གྱི་ལཱ་འབད་བར་ ཟླཝ་ལས་བཅད་དེ་ ལས་མི་སྦེ་ འགྱོ་ནི་ཡོད་ཟེར་ཨིན་པས།
ན་ཧིང་ ཨེ་མ་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༥༠,༠༠༠ ལྷགཔ་ཅིག་བཟོ་ཚུགས་མི་ ཨམ་གུམ་པ་གིས་ སླབ་མིའི་ནང་ སློབ་གྲྭ་ནང་འགྱོ་མི་ཨ་ལོ་༤ ཡོདཔ་ལས་ ཨེ་མའི་འོང་འབབ་ལུ་བརྟེན་ ཟད་འགྲོ་བཏང་ཚུགས་ཡོདཔ་མ་གཏོགས་ གཞན་འབབ་ཁུངས་ག་ནི་ཡང་མེད་ཟེར་ཨིན་པས།
ཨེ་མ་ཚུ་ བཀྲིས་སྒང་དང་ ལྷུན་རྩེ་ བུམ་ཐང་ དེ་ལས་ མང་ཤོས་ཅིག་ མོང་སྒར་ཁྲོམ་དང་ རྒྱལ་པོའི་ཞིང་ཁྲོམ་ཁར་ བཙོང་པར་འབག་འགྱོ་དོ་ཟེར་ཨིན་པས།
ཨེ་མ་ལུ་བརྟེན་ གཡུས་མི་ཚེ་རིང་དཔལ་སྒྲོན་གྱིས་ དངུལ་ཁང་ནང་ ཏི་རུ་གསོག་འཇོག་འབད་དེ་ སྐྱིན་འགྲུལ་ལེན་མ་དགོ་པར་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ བཟོ་སྐྲུན་འབད་དེ་འདུག།
རྒེད་འོག་གི་དམངས་མི་ པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ད་རེས་ནངས་པར་ ས་དམའ་ཁ་ལུ་ཡོད་པའི་ ཞིང་ཚུ་ནང་མ་གཏོགས་ ས་ཁ་མཐོ་ས་སྡོད་མི་ཚུ་གིས་ ཨེ་མ་འཛུགས་སྐྱོང་འབད་ནི་ འགོ་མ་བཙུགས་ཟེར་ཨིན་པས།
ས་ཁ་མཐོ་སར་སྡོད་མི་ཚུ་གིས་ སྤྱི་ཟླ་༧ པ་དང་༨ པའི་ནང་ འཛུགས་སྐྱོང་འབད་དེ་ སྤྱི་ཟླ་༡༠ པ་དང་༡༡ པའི་ནང་ བསྡུ་དོ་ཡོདཔ་ཨིན་པས།
མི་སེར་ཚུ་ སླབ་མིའི་ནང་ གནམ་དགུན་ཨེ་མ་འཛུགས་སྐྱོང་འབད་མི་ཚུ་ མང་ཤོས་ར་ ཆུ་ཞིང་ནང་ འབད་དོ་ཟེར་ཨིནམ་ད་ ད་རེས་ནངས་པར་ སྐྱེ་བའི་བསྒང་ཡོད་མི་ ཨེ་མ་དེ་ འབྱ་འཛུགས་སྐྱོང་འབད་ནི་རནམ་ད་ བསྡུ་ ཚརཝ་ཨིན་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ ད་རེས་ནངས་པར་ ཨེ་མ་བཙོང་ནིའི་དུས་ཚོད་ཅིག་ཨིན་རུང་ དུས་ཅི་ དུས་ཚོད་ཕར་འཕུད་རྐྱབ་སྟེ་ ཨེ་མ་འཛུགས་སྐྱོང་འབད་མི་ལུ་བརྟེན་ ད་ལྟོ་ཐོན་སྐྱེད་འབད་མ་ཚུགས་ཟེར་ཨིན་པས།
རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ བསོད་ནམས་སྒྲོལ་དཀར་གྱིས་ སླབ་མིའི་ནང་ མི་སེར་སོ་ནམ་པ་ཚུ་ལུ་ གདོང་ལེན་སྦོམ་ཤོས་ར་ ཨེ་མའི་ལྕངམ་ཚུ་ འབུབ་ཀྱིས་ཟ་མི་དང་ རི་དྭགས་སེམས་ཅན་ ཀ་ཤ་དང་ སྤྱ་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་པའི་གུ་ དུས་ཚོད་ཁར་ ཆརཔ་རྐྱབ་མ་བཏུབ་མི་དེ་ ཨིན་ཟེར་ཨིན་པས།
རྒེད་འོག་ནང་ ལོ་བསྟར་བཞིན་དུ་ ཨེ་མ་ འཛུགས་སྐྱོང་གི་ལཱ་དེ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
དམངས་མི་པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ བེན་གསར་གཡུས་ཚན་དང་ ཉར་ཚེ་དབང་གཡུས་ཚན་༢ ཀྱི་ གུང་པ་༣༢ ལྷགཔ་ཅིག་ལུ་ ཁེ་ཕན་སྤྱོད་པའི་བསྒང་ཡོད་མི་ ཆུ་ཞིང་དེ་ དུས་ཅི་ རྒེད་འོག་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ བཟའ་སྤྱོད་འབད་མ་བཏུབ་མི་ ས་ཞིང་ཚུ་ ལེགས་བཅོས་འབད་བའི་ཁར་ ཆུ་གཡུར་དང་ གློག་ཐག་ར་བ་ རྐྱབ་བྱིན་ཏེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་འོག་༥ ལུ་ གློག་ཐག་ར་བ་བསྒོར་ནིའི་དོན་ལུ་ གློག་མེ་འཕྲུལ་ཆས་༡༡ བགོ་བཀྲམ་འབད་དེ་ཡོདཔ་ལས་ འཕྲལ་མགྱོགས་ར་ ལཱ་འབད་ནི་འགོ་བཙུགས་ཚུགས་ཟེར་ ཨིན་པས།
རྒེད་འོག་བདག་སྐྱོང་དང་ སོ་ནམ་གྱི་ཁ་ཐུག་ལས་ མི་སེར་སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་ཧྲིལ་བུམ་བྱིན་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་ཡང་ ལཱ་ཤུགས་བཏོན་ཏེ་ འབད་དོ་ཡོདཔ་ལས་ སྤྱི་ལོ་༢༠༡༧ ལུ་ རྒེད་འོག་ནང་ ཨེ་མ་ མེ་ཊིག་ཊཱོན་༦༡ ཐོན་སྐྱེད་འབད་ནུག།
ཨེ་མ་ལུ་བརྟེན་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་ནི་དེ་གིས་ མོང་སྒར་རྫོང་ཁག་གི་ རྒེད་འོག་གཞན་ཚུ་ནང་ཡང་ སྔ་བཟའ་ཨེ་མ་དང་ དུས་ཚོད་ཨེ་མ་༢ ཆ་ར་ འཛུགས་སྐྱོང་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *