ཕུན་ཚོགས་གླིང་ཨེ་པཱལ་མཛོད་ཁང་ནང་ལས་ ལས་མི་ཚུ་གིས་ ཨེ་པཱལ་གྱི་ཤིང་སྒྲོམ་ཚུ་ འབག་སྐྱེལ་བའི་བསྒང་།

ཨེ་པཱལ་གྱི་གོང་ཚད་ ཧེང་སྐལ་ར་ མར་བབས་སོང་ཡོདཔ།

༉ ད་རེས་ནངས་པ་ ཨེ་པཱལ་གྱི་དུས་ཚོད་ རྫོགས་རནམ་བཞིན་དུ་ འབྲུག་གི་ཨེ་པཱལ་ཕྱིར་ཚོང་འཐབ་མི་ཚུ་ལུ་ གོང་ཚད་མར་ཕབ་འགྱོ་བའི་ དོ་འགྲན་བྱུང་མི་དེ་ཡང་ རྒྱ་གར་ཀཱཤི་མིར་དང་ ཧི་མ་ཅཱལ་མངའ་སྡེ་ཚུ་ནང་ལས་ ཨེ་པཱ་གྱི་ཐོན་སྐྱེད་ འབག་འོང་མི་ལུ་བརྟེན་ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་གིས་ སླབ་མིའི་ནང་ དོ་འགྲན་བྱུངམ་དང་གཅིག་ཁར་ འབྲུག་གི་ཨེ་པཱལ་ཚུ་ སྤུས་ཚད་དང་ དོ་བསྡམ་ཐངས་ཀྱི་ གནས་ཚད་ལུ་མ་ལྷོད་མི་ལུ་བརྟེན་ ཁྲོམ་གྱི་གོང་ཚད་དང་འཁྲིལ་ མི་ཐོབ་པས་ཟེར་ཨིན་པས།
ཕྱིར་ཚོང་ལས་ཁང་ཅིག་ཨིན་མི་ དཔལ་ལ་གཡང་ཚོང་ཁང་གི་ འཛིན་སྐྱོང་པ་ ཨ་ཤོག་གིས་ སླབ་མིའི་ནང་ ད་རེས་ནངས་པར་ གོང་ཚད་དེ་ དངུལ་ཀྲམ་༣༠༠ དང་༦༠༠ གི་བར་ན་ཡོདཔ་ད་ སྤྱི་ཟླ་༩ པའི་ཚེས་༡༤ དང་༢༣ གྱི་བར་ན་ གོང་ཚད་དེ་ དངུལ་ཀྲམ་༦༥༠ དང་༡,༡༠༠ གི་བར་ན་ གནས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མ་གཞི་ འབྲུག་པའི་ཨེ་པཱལ་ཚུ་ རང་བཞིན་གྱི་དྲོཝ་ཡོད་པའི་སྐོར་ལས་ ཡོངས་གྲགས་སོང་རུང་ སྒྲོམ་ནང་ལེགས་ཤོམ་སྦེ་ དོ་མ་བསྡམ་ནི་དེ་གིས་ སྤུས་ཚད་ལུ་ ཐོ་ཕོག་ནུག་ཟེར་ཨིན་པས།
ད་རུང་ ཨེ་པཱལ་ཕྱིར་ཚོང་འཐབ་མི་ སེངྒེ་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོ་གིས་ རྒྱ་གར་བཟུམ་སྦེ་ ཨེ་པཱལ་ཚུ་ ཤོག་སྒྲོམ་ནང་ དོ་བསྡམ་ནིའི་ འཆར་གཞི་བརྩམས་མི་དེ་ཡང་ ཨེ་པཱལ་ཚུ་ ལེགས་ཤོམ་སྦེ་བསྡམ་པ་ཅིན་ གོང་ཚད་ལེགས་ཤོམ་འཐོབ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོའི་ གོང་ཚད་དེ་ སྒྲོམ་རེ་ལུ་ དངུལ་ཀྲམ་༦༠༠ དང་༧༥༠ གི་བར་ན་ཡོདཔ་ད་ སྒྲོམ་རེ་ནང་ ཨེ་པཱལ་ཀེ་ཇི་༡༧ དང་༡༨ བར་ན་ ཤོང་དོ་ཡོདཔ་ཨིན་པས།
ད་རུང་ ཨེ་པཱལ་ཚུ་ སོ་ནམ་པ་ཚུ་ལས་ཉོ་ཞིནམ་ལས་ ཕྱིར་ཚོང་འཐབ་མི་ཚུ་ལུ་བཙོང་མི་ ཤི་བ་ལཱལ་ མོང་གར་གྱིས་ སླབ་མིའི་ནང་ ཨེ་པཱལ་ཚོང་རྐྱབ་པའི་སྐབས་ གདོང་ལེན་སྦོམ་ཤོས་ར་ ལས་མིའི་དཀའ་ངལ་དེ་ཨིནམ་ད་ ལས་མི་ཚུ་གིས་ རང་གི་གདོང་ཁར་ ལེགས་ཤོམ་སྦེ་ བཏོགས་དོ་ཡོད་རུང་ རང་རྒྱབ་ཐལཝ་ད་ ལཱ་ལེགས་ཤོམ་ འབད་མི་བཏུབ་པས་ཟེར་ཨིན་པས།
ཡུ་ཊི་ཕྱིར་ཚོང་གི་འཛིན་སྐྱོང་པ་ ས་རཱན་ཌར་ཤཱ་གིས་ སླབ་མིའི་ནང་ འདས་པའི་ཉིན་གྲངས་༣ གྱི་ནང་འཁོད་ལུ་ དོ་ཆས་ཅིག་ཡང་ བཙོང་མ་ཚུགས་ཟེར་ཨིནམ་ད་ དུས་ཅིའི་དུས་ཚོད་འདི་ ན་ཧིང་དང་ཕྱདཔ་ད་ ལེ་ཤ་གིས་ སྐྱོ་བས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་ རིན་བསྡུར་འབད་སྲོལ་ཡོད་རུང་ ད་ལྟོ་ སྒེར་སྡེ་ལུ་སྤྲོད་དེ་ཡོདཔ་ཨིན་པས།
འབྲུག་ཕྱིར་ཚོང་པ་མཐུན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཚེ་རིང་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པ་ སྤུས་ཚད་བཟོ་ནི་དེ་ གདོང་ལེན་སྦོམ་ཤོས་ཅིག་ ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ འབྲུག་གིས་ རྒྱ་གར་དང་ བང་ལ་དེཤི་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༡.༢༨ གནས་པའི་ ཨེ་པཱལ་མེ་ཊིག་ཊཱོན་༢,༧༢༤ ཕྱིར་བཙོང་འབད་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ ཡུ་ཨེསི་ཌོ་ལར་༡.༣༥ གནས་པའི་ ཨེ་པར་མེ་ཊི་ཊཱོན་༢,༨༩༦.༡༩ ཕྱིར་བཙོང་འབད་ནུག།
སྤྱི་ལོ་༢༠༡༤ ལུ་ འབྲུག་གིས་ ཡུ་ཨེསི་ཌོ་ལར་༤.༤༠ གནས་པའི་ ཨེ་པཱལ་མེ་ཊིག་ཊཱོན་༦,༧༧༢.༤༢ ཕྱིར་བཙོང་འཐབ་མི་དེ་ འདས་པའི་ལོ་ངོ་བཅུ་ཕྲག་གི་ནང་འཁོད་ལུ་ མཐོ་ཤོས་ཅིག་ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་དང་འཁྲིལཝ་ད་ ཨེ་པཱལ་གྱི་དུས་ཚོད་དེ་ དུས་ཅི་ སྤྱི་ཟླ་༡༠ པའི་ ཟླ་ཕྱེད་ལས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *