ཨུ་མཛོ་རོང་ཟམ་བཟོ་སྐྲུན་ ཟླཝ་འདི་ནང་ མཇུག་བསྡུ་ནི།

བཀྲིས་སྒང་རྫོང་ཁག་ ཨུ་མཛོ་རོང་རྒེད་འོག་གི་ ཤིང་ཕུར་ཏོ་མོ་ཟེར་སར་ གྲང་མེད་ཆུའི་གུ་ལས་ སྤྲིང་ཟམ་རྐྱབ་པའི་བསྒང་ཡོད་མི་དེ་ སྤྱི་ཟླ་༩ པའི་ཚེས་༢༣ ལུ་ མཇུག་བསྡུ་ནི་ཨིན་པས།

བཀྲིས་སྒང་གི་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༦ ཟླ་༢ པ་ལས་ ཟམ་བཟོ་སྐྲུན་གྱི་ལཱ་ འགོ་བཙུགས་ཡོད་རུང་ ཟམ་གྱི་ཅ་ཆས་ཚུ་ འཐོབ་མ་ཚུགས་པའི་དཀའ་ངལ་ལུ་བརྟེན་ ཕྱིས་ཡོདཔ་ཨིན་པས།

དེ་གི་ནང་ལས་ཡང་ ཟམ་གྱི་དོན་ལུ་ ཊི་ཝིལ་ལ་ཟེར་མི་ ཅ་ཆས་ཅིག་ ཡུ་ནའི་ཊེཊ་ ཀིང་ཌོམ་ལས་ ནང་འདྲེན་འབད་དགོ་ནི་དེ་གིས་ ཕྱིས་སོ་ཡི་ཟེར་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་བཤད་ཡོདཔ་ད་ ཟམ་དེ་ སྤྱི་ལོ་༢༠༡༧ ཟླ་༢ པའི་ནང་ མཇུག་བསྡུ་དགོཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་  ཊི་ཝིལ་ལ་བཀྲམ་སྤེལ་འབད་མི་ལས་སྡེ་དེ་ ཡུ་ནའི་ཊེཊ་ ཀིང་ཌོམ་ལུ་རྐྱངམ་གཅིག་ཡོདཔ་ལས་ ནང་འདྲེན་འབད་དགོཔ་ཐོན་ཡི་ཟེར་ཨིནམ་ད་ འཕྲུལ་ཆས་དེ་ཡང་ ཟམ་གྱི་དོན་ལུ་ ལྕགས་ཐག་ཚུ་ སྒྲིང་སྒྲི་སྦེ་བསྡམ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན་པས།

འཕྲུལ་ཆས་བསྡོམས་ཀྱིས་༢༤ ནང་འདྲེན་འབད་མི་ལུ་ དངུལ་ཀྲམ་ས་ཡ་༡.༣ གནས་དོ་ཡོདཔ་ད་ རིང་ཚད་ཕིཊ་༣༥༠ འབད་མི་ ཟམ་གྱི་ལཱ་ཚུ་ཡང་ དུས་ཅི་ ལོག་འགོ་བཙུགས་ཡོདཔ་ད་ ལཱ་ཕྱིས་མི་དེ་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡.༦ གནས་ཡོད་མི་དེ་ ཧེ་མའི་ཁག་འབགཔ་ལུ་ རྒུད་འཐུས་སྦེ་ བྱིན་ཡོདཔ་ཨིན་པས།

ཤེས་རིག་བློན་པོ་བགྲེསཔ་ ནོར་བུ་དབང་ཕྱུག་གིས་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ ཀུན་གསལ་དང་གཅིག་ཁར་ དྲི་ལན་འབད་བའི་སྐབས་ ཟམ་དེ་ ཞག་གྲངས་༤༥ འི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་ཟེར་ སླབ་ཡོདཔ་ད་ ཟམ་དེ་ བློན་པོ་བགྲེསཔ་གིས་ ཁས་བླངས་འབད་མི་ཚུ་གི་གྲས་ལས་ གཅིག་ཨིན་པས།

ཨིན་རུང་ ཟམ་གྱི་ཅ་ཆས་ལ་ལོ་ཅིག་ ཕྱིས་སུ་སྦེ་ལྷོད་མི་ལུ་བརྟེན་ ཧེང་སྐལ་ར་ ཕྱིས་ཏེ་ལུས་ཡོདཔ་ད་ ཁ་ཙ་ཚུན་འབདཝ་ད་ ཟམ་ལྷོང་ནིའི་ལཱ་ཚུ་ མཇུག་བསྡུ་ཡི་ཟེར་ ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་བཤད་ཡོདཔ་ད་ ལས་འགུལ་དེ་ ད་ལྟོ་ རྒྱ་གར་གྱི་ལས་སྡེ་ཅིག་གིས་ འབད་དོ་ཡོདཔ་ཨིན་པས།

ཟམ་དེ་ མཇུག་བསྡུ་བའི་ཤུལ་ལས་ ཨུ་མཛོ་རོང་རྒེད་འོག་ བཀྲིས་སྒང་ལུ་ མཐུད་སྦྲེལ་འབད་དེ་ ཤེར་མུང་གི་ས་ཁོངས་ནང་ མོང་སྒར་དང་ བཀྲིས་སྒང་གི་གཞུང་ལམ་ལུ་ མཐུད་ཚུགས་ནི་ཨིན་པས།

ཟམ་དེ་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༡༡ གི་ས་ཁར་ རྐྱབ་སཡོདཔ་ད་ ཟམ་མེད་པའི་སྐབས་ རྒེད་འོག་གི་མི་སེར་ཚུ་ བཀྲིས་སྒང་ལུ་ལྷོད་ནིའི་དོན་ལུ་ ཀི་ལོ་མི་ཊར་༧༠ དེ་ཅིག་ འགྱོ་དགོ་དོ་ཡོད་པའི་ཁར་ གླ་འཁོར་ནང་འགྱོ་བ་ཅིན་ གླ་ཆ་ཉུང་ཤོས་དངུལ་ཀྲམ་༢༥༠༠ རེ་ སྤྲོད་དགོཔ་ཨིན་པས།

ཨིན་རུང་ གཡུས་ཚན་གཉིས་ཀྱི་མི་ཚུ་གིས་ ཤེར་མུང་ལུ་ རྐང་སྟོང་སྦེ་འགྱོ་བ་ཅིན་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ནང་ ལྷོད་ཚུགས་དོ་ཡོདཔ་ད་ དེ་ཁ་ལས་ མི་ཚུ་གིས་ ས་གནས་ཀྱི་ མི་མང་སྐྱེལ་འདྲེན་ནང་འཛུལ་ཏེ་ མོང་སྒར་དང་བཀྲིས་སྒང་ལུ་ འགྱོ་ཚུགས་ནི་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་ བཀང་ལུང་བསམ་མཁར་དང་ ཨུ་མཛོ་རོང་འདེམས་ཁོངས་ནང་ སྤྱི་ཟླ་༩ པའི་ཚེས་༡༡ ལུ་ སྐུལ་བསྒྲགས་འབད་བའི་སྐབས་ ཟམ་མཇུག་བསྡུ་མི་དང་འབྲེལ་ ཟམ་དེ་ཁ་ལས་ གཞུང་ལམ་ཡང་ བསལ་ནི་ཨིན་ཟེར་ བཤད་ཡོདཔ་ཨིན་པས།

ཟམ་བཟོ་སྐྲུན་དོན་ལུ་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༣༡.༦ གནས་མི་དེ་ཡང་ ཅ་ཆས་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༧ དང་ ད་རུང་ དངུལ་ཀྲམ་ས་ཡ་༡.༦ ཕྱིས་མི་ལུ་བརྟེན་ རྒུད་འཐུས་སྦེ་ སྤྲོད་དགོཔ་ཐོན་ཡོདཔ་ཨིན་པས།

ནོར་བུ་དབང་ཕྱུག་གིས་ སྤྱི་ཟླ་༩ པའི་ཚེས་༣ ལུ་ མི་སྡེ་བརྡ་བརྒྱུད་ ཕེསི་བུཀ་ནང་ ཨུ་མཛོ་རོང་ཟམ་ མཇུག་བསྡུ་རན་མིའི་སྐོར་ལས་ བཙུགས་ཡོདཔ་ད་ ཁོ་གིས་ བརྡ་བརྒྱུད་ནང་ཐོན་མི་ལུ་བརྟེན་ ཨུ་མཛོ་རོང་ཟམ་དེ་ ཁོ་གི་དོན་ལུ་ ལས་འགུལ་ཡོངས་གྲགས་ཅན་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ བཙུགས་ཡོད་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *