ཤིང་ཕུར་ཏོ་མོ་ལུ་ ལྕགས་ཟམ་རྐྱབ་ཚར་བའི་བསྒང་ལས་ ཨུ་མཛོ་རོང་དེ་ ཤེལ་རི་ཆུ་ལས་ བཀྲིས་སྒང་དང་ མོང་སྒར་གྱི་ གཞུང་ལམ་དང་ མཐུད་སྦྲེལ་འབད་ཚུགས་ནི་ཨིན་པས།

ཨུ་མཛོ་རོང་གི་ཟམ་ ཉིན་གྲངས་༤༥ ནང་ བཟོ་སྐྲུན་འབད་ཚར་འོང་ཟེར་ བློན་པོ་གིས་བཤད་ཡོདཔ།

བཀྲ་ཤིས་སྒང་ ཨུ་མཛོ་རོང་རྒེད་འོག་ནང་ ཤིང་ཕུར་ཏོ་མོ་ཟེར་སར་ གྲང་མེད་ཆུ་གུ་ལས་ ལྕགས་ཟམ་ཅིག་ རྐྱབ་ནི་དེ་ ལོ་༣ གྱི་ཧེ་མར་ འགོ་བཙུགས་ཡོད་རུང་ ད་ལྟོའི་བར་ན་ཡང་ བསྒྲུབ་མ་ཚུགས་པར་ཡོདཔ་ཨིན་པས།

རྒེད་འོག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཟམ་དེ་གི་ རྨང་གཞིའི་ལཱ་ཚུ་མ་གཏོགས་ བཟོ་སྐྲུན་གྱི་ གྲུབ་འབྲས་ནི་ཡང་ ཐོན་ནི་མིན་འདུག་ཟེར་ཨིནམ་ད་ བཟོ་སྐྲུན་གྱི་ རྒྱུ་ཆས་ཚུ་ ཐོབ་མ་ཚུགས་ནི་དེ་གིས་ ཟམ་རྐྱབ་ནི་གི་ལཱ་ཚུ་ ཡུན་འགྱངས་ལུས་སོ་ཡི་ཟེར་ བཤདཔ་ཨིན་པས།

སྦས་སྤམ་-སྒང་མཁར་སྤྱི་འོག་ཚོགས་པ་ བསོད་ནམས་བསྟན་འཛིན་གྱིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ ཤེས་རིག་བློན་པོ་དེ་ རྒེད་འོག་ནང་ ལྟ་སྐོར་ལུ་བྱོནམ་ད་ ཁག་འབགཔ་ཚུ་ སོར་དགོཔ་བྱུང་མི་ལུ་བརྟེན་ ལཱ་འགོ་བཙུགས་མ་ཚུགས་པར་ ལུས་ཡོདཔ་སྦེ་ བཤད་ཡོདཔ་བཞིན་དུ་ བཟོ་སྐྲུན་ལཱ་དེ་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིནམ་སྦེ་ ཁས་ལེན་གནང་ཡི་ཟེར་ཨིན་པས།

བློན་པོ་ནོར་བུ་དབང་ཕྱུག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཟམ་གྱི་བཟོ་སྐྲུན་ལཱ་དེ་ ཉིན་གྲངས་༤༥ འི་ནང་ མཇུག་བསྡུ་འོང་ཟེར་ཨིནམ་ད་ ཡུན་འགྱངས་ལུས་མི་དེ་ གཙོ་བོ་ར་ ཟམ་གྱི་རྒྱུ་ཆས་ཅིག་ ལུང་ཕྱོགས་ནང་ ག་ཏེ་ལས་ར་ ཐོབ་མ་ཚུགས་ནི་དེ་གིས་ ཡུ་ནའི་ཊེཊ་ ཀིང་ཌོམ་ལས་ ནང་འདྲེན་འཐབ་དགོཔ་ བྱུང་མི་ལུ་བརྟེན་ཨིན་ཟེར་ བློན་པོ་གིས་ བཤད་པའི་ཁར་ ད་རེས་འབདཝ་ད་ རྒྱུ་ཆས་དེ་ ལྷོད་ཡོདཔ་ལས་ ཉིན་གྲངས་༤༥ ནང་ ཟམ་དེ་ བསྒྲུབ་འོང་ཟེར་ བཤདཔ་ཨིན་པས།

དེ་འབདཝ་ད་ ཟམ་རྐྱབ་ནི་གི་ལཱ་ ཡུན་འགྱངས་ལུས་མི་ལུ་བརྟེན་ ས་གནས་ཀྱི་ མི་སེར་ཚུ་ བཟོད་བསྲན་མེདཔ་ ཐལ་དོ་ཡོདཔ་ད་ ཟམ་དེ་ ཁག་འབག་གི་ དུས་ཚོད་དང་འཁྲིལ་ ལཱ་མཇུག་བསྡུ་ཡོད་པ་ཅིན་ བཀྲིས་སྒང་དང་ མོང་སྒར་གྱི་བར་ན་ ལམ་ཐུང་ཀུ་འགྱོ་འགྱོཝ་ འོང་ནི་ཨིནམ་མ་ཚད་ དུས་ཚོད་དང་ དངུལ་འབྲེལ་གྱི་ ཁེ་ཕན་ཡང་ བྱུང་བྱུངམ་འོང་ཟེར་ གྲོང་གསེབ་མི་སེར་ཅིག་གིས་ བཤདཔ་ཨིན་པས།

ཟམ་དེ་ བསྒྲུབས་ཚརཝ་ད་ ཨུ་མཛོ་རོང་རྒེད་འོག་དེ་ བཀྲིས་སྒང་དང་ མཐུད་སྦྲེལ་འབད་ནི་ཨིནམ་མ་ཚད་ མོང་སྒར་ཤེལ་རི་ཆུའི་ ཉེ་འདབས་ལས་ མོང་སྒར་-བཀྲིས་སྒང་གི་ གཞུང་ལམ་དང་ མཐུད་སྦྲེལ་འབད་ནི་ཨིན་པས།

ད་ལྟོ་ གཡུས་ཚན་༢ ཀྱི་ མི་སེར་ཚུ་ བཀྲིས་སྒང་ལུ་འགྱོཝ་ད་ ལམ་ཀི་ལོ་མི་ཊར་༧༠ ལྷགཔ་ཅིག་ ལམ་འགྲུལ་འབད་དགོཔ་ལས་ གླ་འཁོར་གྱི་ གླ་ཆ་ཉུང་ཤོས་ དངུལ་ཀྲམ་༢,༥༠༠ སྤྲོད་དགོ་དོ་ཡོདཔ་ད་ མི་ཚུ་ གཡུས་ཚན་དེ་གཉིས་ནང་ལས་ རྐང་སྟོང་སྦེ་ ཤེལ་རི་ཆུ་ལུ་འགྱོཝ་ད་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགོརཝ་བཞིན་དུ་ དེ་ཁ་ལས་ འགྲུལ་སྐྱེལ་བཱསི་ནང་སྦེ་ མོང་སྒར་དང་ བཀྲིས་སྒང་ལུ་ འགྱོ་དོ་ཡོདཔ་ཨིན་པས།

ད་རུང་ བསོད་ནམས་བསྟན་འཛིན་གྱིས་ སླབ་མིའི་ནང་ ཤེལ་རི་ཆུའི་ སྦོ་ལོགས་ཁར་ རྐང་ཟམ་ཅིག་ཡོད་མི་དེ་ ཉེན་ཁ་ཅན་གྱི་ གནས་སྟངས་ཐོག་ལུ་ཡོད་རུང་ མི་སེར་ཚུ་ ཕར་ཚུར་འགྱོཝ་ད་ བྱ་ཐབས་མེད་པར་ ཉེན་ཁ་འབག་སྟེ་ རྐང་ཟམ་དེ་ ལག་ལེན་འཐབ་དགོཔ་ བྱུང་ཡོད་ཟེར་ཨིན་པས།

ལོ་ངོ་༧༠ དེ་ཅིག་གི་ཧེ་མར་རྐྱབ་མི་ རྐང་ཟམ་དེ་ བཀྲིས་སྒང་དང་ མོང་སྒར་གྱི་གཞུང་ལམ་ རྒྱ་སྐྱེད་འབད་བའི་སྐབས་ མེདཔ་བཏང་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ རྫོང་ཁག་ཚོགས་འདུ་ནང་ཞུ་སྟེ་ ཉམས་བཅོས་འབད་ཡི་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།

དེ་འབདཝ་ད་ ན་ཧིང་ རླུང་འཚུབས་ཀྱིས་ རྐང་ཟམ་དེ་ མགོ་མཇུག་སློག་བཏངམ་ལས་ ཉེན་ཁ་ཅན་གྱི་ གནས་སྟངས་ལུ་ གྱུར་སོ་ཡི་ཟེར་ ཁོ་གིས་ བཤད་པའི་ཁར་ ཤིང་ཕུར་ཏོ་མོ་ལུ་ ཟམ་མེད་པའི་བསྒང་ལས་ སོ་ནམ་པ་ཚུ་ རང་སོའི་ལོ་ཐོག་དང་ ཚོད་བསྲེའི་རིགས་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ རྐང་ཟམ་དེ་ ཉན་ཁ་ཡོད་རུང་ ལག་ལེན་འཐབ་དགོ་པས་ཟེར་ བཤདཔ་ཨིན་པས།

ཨུ་མཛོ་རོང་གི་ མི་སེར་ཚུ་ བཀང་ལུང་དང་ བཀྲིས་སྒང་འཁོར་ལམ་བརྒྱུད་དེ་ འགྱོ་ནི་དེ་ ཟད་འགྲོ་ལྕི་དྲགས་གནས་འོང་ཟེར་ ཚོགས་པ་བསོད་ནམས་བསྟན་འཛིན་གྱིས་ བཤདཔ་ཨིན་པས།

ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ ཨུ་མཛོ་རོང་གི་ མི་སེར་ཚུ་ལུ་ ཁས་བླངས་འབད་མི་ཚུ་གི་གྲས་ལས་༡ སྦས་སྤམ་དང་ སྒང་མཁར་གཡུས་ཚན་གཉིས་དང་ སྦྲེལ་མཐུད་འབད་མི་ འཁོར་ལམ་གསརཔ་དེ་ ཤིང་ཕུར་ཏོ་མོ་ལུ་ ཟམ་རྐྱབ་ཐོག་ལས་ མཐུད་སྦྲེལ་འབད་ནི་དེ་ཨིན་པས།

འཁོར་ལམ་གསརཔ་དེ་ལུ་ ཀི་ལོ་མི་ཊར་༡༥ དེ་ཅིག་ འོང་ནི་ཨིན་པས།

བློན་པོ་གིས་ ང་བཅས་ལུ་ ཁས་བླངས་འབད་མི་དེ་ མཁོ་སྤྲོད་འབད་མ་ཚུགས་ཟེར་ གཡུས་མི་ཤེས་ཀྲུ་གིས་ བཤད་པའི་ཁར་ གཞུང་དང་པའི་སྐབས་ལུ་ ཞིང་ལམ་སེལ་མི་ཚུ་ཡང་ བློན་པོའི་ཁ་ཐུག་ལས་ ཉམས་བཅོས་འབད་ནི་གི་ ཁས་ལེན་འབད་ཡོད་རུང་ ད་ཚུན་གྱི་བར་ན་ མངོན་གསལ་ཆེ་བའི་ གྲུབ་འབྲས་ག་ནི་ཡང་ བཏོན་མ་ཚུགས་པར་ཡོད་ཟེར་ བཤདཔ་ཨིན་པས།

སྐྱེས་ལོ་༥༢ ལང་མི་ སོ་ནམ་པ་གིས་འབད་བ་ཅིན་ ཁོང་གིས་ གཡུས་ཚན་གཞན་ཚུ་ ཟམ་གསརཔ་དང་ འཁོར་ལམ་ཚུ་གིས་ མཐུད་སྦྲེལ་འབད་ཡོད་པའི་ ལོ་རྒྱུས་གོ་ཡོད་རུང་ ཁོང་ཆ་ཁྱབ་ལུ་ དཀའ་སྡུག་མྱོང་སྟེ་ཡོད་ཟེར་ཨིནམ་ད་ འདས་པའི་ལོ་༥ ནང་ རྒེད་འོག་ལྟེ་བའི་ འཁོར་ལམ་ལུ་ རྩི་ནག་བཏང་མི་རྐྱངམ་གཅིག་མ་གཏོགས་ ཨུ་མཛོ་རོང་ལུ་ གོང་འཕེལ་གྱི་ ལས་སྣ་སྦོམ་ འགོ་འདྲེན་འཐབ་སར་ མ་མཐོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *