༉ རྒྱལ་ཁབ་ནང་འཁོད་ཀྱི་ ཨིང་སྐད་སློབ་དཔོན་ཚུ་ལུ་ ཨིང་སྐད་ཀྱི་ཁྱད་རིག་དང་ དོན་སྨིན་ཅན་གྱི་ བརྡ་དོན་རིག་རྩལ་ཚུ་ གོང་འཕེལ་གཏང་ཐབས་ལུ་ ཐིམ་ཕུག་ལུ་སྦེ་ སྦྱོང་བརྡར་ལས་རིམ་ཅིག་ འགོ་བཙུགས་ནུག།
ཨིང་སྐད་དེ་ དེང་སང་གི་ ཤེས་རིག་ལམ་ལུགས་ འགོ་བཙུགས་པའི་བསྒང་ལས་ར་ བརྡ་དོན་སྤྲོད་ལེན་འབད་ནིའི་དོན་ལུ་ སྐད་ཡིག་༢ པ་སྦེ་ ལག་ལེན་འཐབ་སྟེ་ ཡོདཔ་བཞིན་དུ་ དུས་རབས་ཕྱེད་ཀའི་ནང་འཁོད་ལུ་ ཤེས་རིགས་ལམ་ལུགས་ནང་ སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ ཨིང་སྐད་ཀྱི་ ཁྱད་རིག་དམའ་ཤོས་ཡོད་མི་དེ་ ལག་ལེན་འཐབ་སྟེ་ ཡོདཔ་ཨིན་པས།
མ་གཞི་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཨིང་སྐད་ཀྱི་ཁྱད་རིག་དེ་ ལེགས་ཤོམ་ཡོད་རུང་ སྤྱི་ལོ་༢༠༡༢ ལུ་ རྒྱལ་གཞུང་ཤེས་རིག་ཚོགས་སྡེ་གིས་ སློབ་དཔོན་དགོས་མཁོའི་ བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ ཨིང་སྐད་ཀྱི་གནས་ཚད་དེ་ འོས་འབབ་དང་ལྡནམ་སྦེ་ མེད་པའི་མངོན་གསལ་བྱུང་ནུག།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༦ ལུ་ རྒྱལ་ཡོངས་སློབ་གྲྭའི་རྩ་གཞུང་གྲོས་འཚོགས་ནང་ཡང་ ཨིང་སྐད་ཀྱི་ གནས་ཚད་དེ་ལུ་ ཚ་གྱང་ལང་དགོཔ་བྱུང་ནུག།
དེ་འབདཝ་ལས་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ གསུངས་མིའི་ནང་ ད་རེས་ རྒྱལ་ཁབ་ནང་ ཨིང་སྐད་སློབ་དཔོན་ཚུ་ ཨིང་སྐད་ཀྱི་རིག་རྩལ་ ཡར་དྲག་གཏང་ནིའི་དོན་ལུ་ སྦྱོང་བརྡར་འབད་མི་དེ་ འགོ་ཐོག་ཨིན་ཟེར་ཨིནམ་ད་ སློབ་དཔོན་ཚུ་ལུ་ ཨིང་སྐད་ཀྱི་ རིག་རྩལ་ཡོད་པ་ཅིན་ སློབ་ཕྲུག་ཚུ་གིས་ ཨིང་སྐད་རིག་རྩལ་ཚུ་ འཐོབ་ཚུགས་ཟེར་ཨིན་པས།
སློབ་སྦྱོང་དེ་ལས་ དོན་སྨིན་ཅན་གྱི་ བརྡ་དོན་དང་ སློབ་སྟོན་འབད་ནི་ལུ་ ཧ་གོ་ནིའི་ ཁེ་ཕན་ཡོད་ཟེར་ཨིན་པས།
སློབ་དཔོན་ཚུ་ལུ་ ཨིང་སྐད་རིག་རྩལ་གྱི་ སྦྱོང་བརྡར་དེ་ཡང་ ན་ཧིང་ རྒྱལ་ཡོངས་ཤེས་རིག་གྲོས་འཛོམས་ནང་ ཆ་འཇོག་འབད་ཡོདཔ་ད་ ལས་རིམ་དེ་ཡང་ དམིགས་བསལ་དུ་ ཨིང་སྐད་ཀྱི་ བརྡ་དོན་ལག་ཆ་ལུ་ གཙོ་བོར་བཏོན་ཏེ་འདུག།
ཨིང་སྐད་ཁྱད་རིག་གོང་འཕེལ་སྦྱོང་བརྡར་དེ་ ཨིང་སྐད་དོན་སྨིན་ཅན་གྱི་ བརྡ་དོན་ཁྱད་རིག་གོང་འཕེལ་ལས་རིམ་གྱི་འོག་ལུ་ ཡོདཔ་བཞིན་དུ་ ཁ་ཙ་ ཤེས་རིག་བློན་པོ་གིས་ ཨིང་སྐད་ཁྱད་རིག་དོན་སྨིན་ཅན་གྱི་ བརྡ་དོན་ལག་དེབ་དེ་ཡང་ འགོ་འབྱེད་འབད་ཡི།
ད་ལྟོ་ སྦྱོང་བརྡར་ནང་ རྒྱལ་ཁབ་ནང་འཁོད་ལས་ སློབ་དཔོན་༡༥༥ གིས་ བཅའ་མར་གཏོགས་སྟེ་ ཡོདཔ་བཞིན་དུ་ སློབ་དཔོན་ཚུ་གིས་ སྦྱོང་བརྡར་མཇུག་བསྡུ་ཞིནམ་ལས་ ཤུལ་མའི་ཟླཝ་ནང་ རྒྱལ་ཁབ་ཀྱི་ སྦྱོང་བརྡར་ལྟེ་བ་༥༠ ནང་ སློབ་དཔོན་གཞན་མི་ཚུ་ལུ་ བྱིན་ནི་ཨིན་པས།
ཤེས་རིག་བློན་པོ་གིས་ གསུངས་མིའི་ནང་ ཨིང་སྐད་སློབ་དཔོན་ཚུ་ ཨིང་སྐད་ནང་ ལྕོགས་གྲུབ་ཅན་བཟོ་ནི་དང་ རྫོང་ཁ་སློབ་དཔོན་ཚུ་ རྫོང་ཁ་ནང་ འཇོན་ཐངས་ཅན་བཟོ་ནིའི་ དམིགས་ཡུལ་ཨིན་ཟེར་ཨིནམ་ད་ ལྷན་ཁག་གིས་ དུས་རབས་༢༡ པའི་ ཨ་ལོ་ཚུ་གི་དོན་ལུ་ གྲ་སྒྲིག་འབད་ནི་ལུ་ གལ་གནད་ཅན་སྦེ་ ངོས་ལེན་འབད་དེ་ ཡོད་ཟེར་ཨིན་པས།
སློབ་དཔོན་ཁྱད་རིག་གོང་འཕེལ་གྱི་ ལས་རིམ་གཙོ་འཛིན་འགོ་དཔོན་ བཀྲིས་ལྷ་མོ་གིས་ སླབ་མིའི་ནང་ ཉིན་གྲངས་༥ འི་རིང་ འགོ་འདྲེན་འཐབ་མི་དེ་ ལོ་གཅིག་གི་ ཨིང་སྐད་ཁྱད་རིག་གོང་འཕེལ་ལས་རིམ་ཅིག་ ཨིན་ཟེར་ཨིནམ་བཞིན་དུ་ ལས་རིམ་ནང་ མང་ཤོས་ར་ ཨིང་སྐད་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་དང་ གྲོས་འཛོམས་ཀྱི་ ལས་རིམ་འཆར་གཞི་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་འོང་ཟེར་ཨིན་པས།
སྦྱོང་བརྡར་གྱི་མཇུག་ལུ་ སློབ་དཔོན་ཚུ་ལུ་ བདུན་ཕྲག་༥༢ ཀྱི་དོན་ལུ་ ལྷབ་སྦྱང་འབད་ནིའི་ ལག་ཆས་ཚུ་ བྱིན་ནི་ཨིནམ་ད་ བདུན་ཕྲག་རེ་ནང་ སློབ་དཔོན་ཚུ་གིས་ ཡིག་སྣོན་ཚུ་ ཁ་ཕྱེ་སྟེ་ ལྷབ་སྦྱང་འབད་དགོཔ་བཞིན་དུ་ ལྟ་རྟོག་དེ་ཡང་ སློབ་གྲྭའི་དབུ་འཛིན་ཚུ་གིས་ འབད་ནི་ཨིན་པས།
ཤེས་རིག་བློན་པོ་གིས་ བཤད་མིའི་ནང་ ལྷན་ཁག་གིས་ སློབ་གྲྭ་དང་ རྩ་གཞུང་ དེ་ལས་ སློབ་དཔོན་ཚུ་ ལེགས་བསྒྱུར་འབད་དོ་ཟེར་ཨིནམ་བཞིན་དུ་ ལེགས་བསྒྱུར་འབད་མི་དེ་གིས་ སྤུས་ཚད་ཅན་གྱིས་ ཤེས་ཡོན་ཚུ་ བྱིན་ཚུགས་ཟེར་ཨིན་པས།
སློབ་དཔོན་གྱི་ཐད་ཁར་ སློབ་དཔོན་གྱི་ ལྕོགས་གྲུབ་གོང་འཕེལ་དང་ བརྩོན་ཤུགས་ཅན་གྱི་ སློབ་དཔོན་བཟོ་ཚུགས་པ་ཅིན་ སློབ་དཔོན་འཇོན་ཐངས་ཅན་ འགྱོ་ཚུགས་ཟེར་ཨིནམ་བཞིན་དུ་ ལེགས་བསྒྱུར་༣ པ་དེ་ ལེགས་ཤོམ་སྦེ་ འགྱོ་ཚུགས་པ་ཅིན་ དུས་རབས་༢༡ པའི་ ཨ་ལོ་ཚུ་གི་དོན་ལུ་ གྲ་སྒྲིག་འབད་ཚུགས་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ སློབ་དཔོན་ཚུ་གིས་ སློབ་སྟོན་འབད་ནི་དང་ སློབ་ཕྲུག་ཚུ་གི་ དཔེ་དེབ་ཚུ་ ལྟ་ཞིབ་འབད་ནིའི་ འགན་ཁུར་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་གོང་འཕེལ་གཏང་ནི་གི་ འགན་ཁུར་ཡང་ ཨིན་ཟེར་ཨིན་པས།
སློབ་དཔོན་ཚུ་ལུ་ ཨིང་སྐད་ཁྱད་རིག་གོང་འཕེལ་གཏང་ནིའི་ ལས་རིམ་དེ་ཡང་ ན་ཧིང་གི་ རྒྱལ་གཞུང་ཤེས་རིག་གྲོས་འཛོམས་ཀྱི་ གྲོས་ཆོད་ཅིག་ཨིནམ་ད་ དེ་བཟུམ་མའི་ ལས་རིམ་དེ་ཡང་ རྫོང་ཁ་སློབ་དཔོན་ཚུ་ལུ་ བྱིན་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།