ཨཱསི་ཊེ་ལི་ཡ་ལུ་ འབྲུག་གི་བུམོ་མཚེ་མའི་ གཤག་བཅོས་མཐར་འཁྱོལ་བྱུང་ཡོདཔ།

༉ ཨཱསི་ཊེ་ལི་ཡ་ མེལ་བཱོརན་ལུ་ ཨ་ལོའི་སྨན་ཁང་ནང་ གཤག་བཅོས་ཐོག་ གཟུགས་སོ་སོར་འཕྱལ་ནིའི་དོན་ལུ་འབག་མི་ འབྲུག་གི་མཚེ་མ་མཉམ་འབྱར་མ་ ཟླཝ་༡༤ ལང་མི་ ཟླ་བ་དང་ ཉི་མའི་གཤག་བཅོས་དེ་ ཁ་ཙ་འབད་བའི་སྐབས་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།
གཤག་བཅོས་དེ་ཡང་ ཁ་ཙ་དྲོ་པའི་ཆུ་ཚོད་ཕྱེད་དང་༩ ལས་འགོ་བཙུགས་ཏེ་ གཤག་བཅོས་མཁས་མཆོག་༤ དང་ གསོ་བའི་ལས་བྱེདཔ་༡༨ དེ་ཅིག་ཡོད་མི་ སྡེ་ཚན་གྱིས་ དུས་ཡུན་ཆུ་ཚོད་༦ དེ་ཅིག་ནང་ མཇུག་བསྡུ་ཡོདཔ་ཨིན་པས།
གཤག་བཅོས་སྡེ་ཚན་གྱིས་ མཚེ་མའི་བྱང་ཁོག་སྨད་དང་ དཔྱི་མགོའི་ལྟག་ལས་མཐུད་ཡོདཔ་ད་ ཁོང་༢ ཀྱི་མཆིན་པ་གཅིག་ཡོདཔ་སྦེ་ མཐོང་གསལ་བྱུང་ཡོདཔ་ཨིན་པས།
སྨན་ཁང་གི་ ཨ་ལོའི་གཤག་བཅོས་མཁས་མཆོག་ ཇོ་ཀེ་རེ་མེ་རི་གིས་ ཕྱི་རྒྱལ་གྱི་ བརྡ་བརྒྱུད་ལུ་ སླབ་མིའི་ནང་ གཤག་བཅོས་དེ་ རེ་བ་བསྐྱེད་པའི་ དུས་ཡུན་ནང་འཁོད་ལུ་ མཇུག་བསྡུ་ཡོདཔ་བཞིན་དུ་ ཁོང་༢ ཀྱི་གནས་སྟངས་ ལེགས་ཤོམ་སྦེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྡེ་ཚན་དེ་ གཤག་བཅོས་ཀྱི་དོན་ལུ་ གྲ་སྒྲིག་སྦེ་ སྡོད་ཡོདཔ་བཞིན་དུ་ བུམོ་༢ ཀྱི་མཆིན་པ་མཐུད་སྦྲེལ་འོང་ཟེར་ ཧེ་མ་ལས་ ཤེས་ཅི་ཟེར་ཨིནམ་ད་ མཆིན་པ་དེ་ ཁྲག་ཤུགས་ག་ནི་ཡང་ མ་ཐོན་པར་ འཇམ་ཏོང་ཏོ་སྦེ་ འཕྱལ་ཚུགས་ཡོདཔ་ལས་ ད་ལྟོ་ བུམོ་༢ ཀྱིས་ དབུགས་གཏོང་ལེན་སོ་སོར་འབད་དོ་ཟེར་ཨིན་པས།
འདི་བཟུམ་མའི་ གཤག་བཅོས་མཐར་འཁྱོལ་ཅན་བྱུངམ་ལས་ གཅག་བཅོས་འབད་མི་ སྡེ་ཚན་ནང་ཡོད་མི་ ག་རའི་དོན་ལུ་ བརྗེད་པར་ཕངས་པའི་ཉིནམ་ཅིག་ཨིན་ཟེར་ ཇོ་ཀེ་རེ་མེ་རི་གིས་ བཤདཔ་ཨིན་པས།
ཕྱི་རྒྱལ་གྱི་ བརྡ་བརྒྱུད་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ བུམོ་མཚེ་མའི་ཨའི་ བུམ་ཆུ་བཟང་མོ་ལུ་ཡང་ ད་ཚུན་ ཚ་གྱང་འབག་འབག་སར་སྡོད་མི་དེ་ གཤག་བཅོས་མཐར་འཁྱོལ་བྱུང་པའི་ཤུལ་ལས་ སེམས་ལུ་དགའ་བ་ཚད་མེད་བྱུང་སྟེ་ཡོདཔ་ཨིན་པས།
གཤག་བཅོས་དེ་ བདུན་ཕྲག་༤ དེ་ཅིག་གིས་ ཕྱིས་མི་དེ་ཡང་ འཆར་གཞི་བརྩམས་མི་ གཤག་བཅོས་ཀྱི་ཉིནམ་ཧེ་མར་ ཨ་ལོའི་གཟུགས་ཁམས་སྒྲིང་སྒྲི་མེད་མི་ལུ་བརྟེན་ སྟོབས་ཤུགས་བཏགས་ནིའི་དོན་ལུ་ ཕར་འགྱངས་འབད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ བཟའ་ཚང་དེ་ བྱང་མེལ་བཱོརན་གྱི་ས་གནས་ ཀིལ་མོར་ལུ་ གནམ་གྲུའི་གླ་དང་ གཤག་བཅོས་ཀྱི་ མ་དངུལ་གྲོགས་རམ་འབད་མི་ ཨ་ལོའི་གཞི་ཚོགས་ཀྱི་ སྒྲིང་ཁྱིམ་ནང་ སྡོད་ཡོདཔ་ད་ བཟའ་ཚང་དང་གཅིག་ཁར་ འབྲུག་གི་ཨ་ལོའི་དྲུང་འཚོ་ ཌོག་ཊར་ཀརྨ་ཤེས་རབ་དང་ སྨན་གཡོགམོ་ཅིག་ཡོདཔ་ཨིན་པས།
བུམོ་མཚེ་མ་དེ་ ཁ་ཙ་ཕྱི་རུ་ལས་འགོ་བཙུགས་ ཞག་སོ་སོ་སྦེ་ ཉལ་ནི་ཨིནམ་བཞིན་དུ་ ལྟ་རྟོག་སྡེ་ཚན་གྱིས་ ལྟ་རྟོག་འབད་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *