ཨཱསི་ཊེ་ལི་ཡ་ལུ་ སློབ་སྦྱོང་གི་ གོ་སྐབས་ཐོབ་མི་ཚུ།

ཨཱས་ཊེ་ལི་ཡ་ལུ་ འབྲུག་མི་༢,༠༡༧ དེ་ཅིག་གིས་ དཔེ་ཆ་ལྷབ་དོ་ཡོདཔ།

༉ སང་ཕོད་ལས་ ཨཱསི་ཊེ་ལི་ཡའི་ གྲོགས་རམ་ཐོག་ལས་ འབྲུག་མི་ཚུ་ལུ་ ལྟ་བཤལ་དང་མགྲོན་སྐྱོང་ནང་ ཌིབ་ལོ་མ་དང་ ལག་ཁྱེར་གནས་ཚད་ཀྱི་ སློབ་སྦྱོང་བྱིན་ནི་ཨིན་པས།

གྲོགས་རམ་དེའི་སྐོར་ལས་ སྤྱི་ཟླ་༡༡ པའི་ཚེས་༢༨ ལུ་ ཐིམ་ཕུག་ལུ་སྦེ་ གྲོགས་རམ་ཐོག་ལས་ སློབ་སྦྱོང་གི་ གོ་སྐབས་བྱིན་མི་ཚུ་ལུ་ ཁ་བྲལ་བསུ་ལེན་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ བཤད་ཡོདཔ་ཨིན་པས།

ཌིབ་ལོ་མ་དང་ ལག་ཁྱེར་གནས་ཚད་གྲོགས་རམ་དེ་ སྦྱོང་ཚན་ཆུང་བ་དང་ ལུགས་ཡངས་སློབ་སྦྱོང་འབད་མི་ཚུ་ལུ་ ཁ་སྐོང་བཟུམ་ཅིག་སྦེ་ བྱིན་ནི་ཨིན་ཟེར་ཨིན་པས།

དབང་པོ་སྐྱོན་སློབ་གྲྭའི་སློབ་དཔོན་ ཡེ་ཤེས་རྒྱལ་མཚན་དེ་ གྲོགས་རམ་ཐོབ་མི་༡༤ གི་གྲས་ལས་༡ ཨིན་པས།

ཡེ་ཤེས་རྒྱལ་མཚན་དེ་ གྲོགས་རམ་དེའི་དོན་ལུ་ ཡི་གུ་བཙུགས་མི་༢༠༠ གི་གྲས་ལས་ གདམ་འཐུ་འབད་ཡོདཔ་ཨིན་པས།

ཁོ་གིས་ སློབ་གྲྭ་ནང་ རྩིས་དང་ཚན་རིག་སྟོན་དོ་ཡོདཔ་ད་ ཁོ་གིས་ ཨཱསི་ཊེ་ལི་ཡ་ མེལ་བཱོན་གཙུག་ལག་སློབ་སྡེ་ནང་ རྣམ་ཅོ་བྱ་རྡུགས་ཀྱི་སྐོར་ལས་ སློབ་སྦྱོང་འབད་ནི་ཨིན་པས།

གྲོགས་རམ་ཐོབ་མི་ཚུ་ལུ་ ཨཱསི་ཊེ་ལི་ཡའི་སྐུ་ཚབ་ རོད་ཧིལ་ཊོན་གྱིས་ དབང་པོ་སྐྱོན་ཞུགས་ཡོད་མི་ཚུ་ གྲལ་གཏོགས་འབད་བཅུག་ནི་དེ་ ཁོ་གིས་ གལ་ཆེ་ཤོས་ཅིག་སྦེ་ རྩིས་དོ་ཟེར་ བཤད་ཡོདཔ་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཨཱསི་ཊེ་ལི་ཡ་ལུ་ དེ་བཟུམ་མའི་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ སློབ་སྦྱོང་བྱིན་ཚུགས་མི་ གཙུག་སྡེ་དག་པ་ཅིག་ལས་མེད་ཟེར་ཨིནམ་ད་ སློབ་སྦྱོང་འབད་བ་ཅིན་ རང་ལུ་ཡོད་པའི་ཡོན་ཏན་དང་ ལྕོགས་གྲུབ་རྒྱ་སྐྱེད་གཏང་ནི་ལུ་ ཕན་ཐོག་འབྱུང་འོང་ཟེར་ཨིན་པས།

ད་རེས་ གདམ་འཐུ་གྲུབ་མི་ཚུ་གིས་ སྤྱི་ལོ༡༩༦༢ ལུ་འབྲུག་རྒྱལ་ཁབ་འདི་ ཀོ་ལོམ་བོ་འཆར་གཞི་ནང་འཛུལ་བཞུགས་འབད་བའི་ཤུལ་ལས་ ད་ཚུན་ ཨཱསི་ཊེ་ལི་ཡ་ལུ་ མི་སྟོང་ཕྲག་ལས་བཅས་དེ་ སློབ་སྦྱོང་འབད་མི་བསྡོམས་ཀྱི་ སྟོང་ཕྲག་ལས་བཅད་ཡོད་མི་ཚུའི་གྲས་ཁར་ ཁོང་ཡང་ ཚུདཔ་ཨིན་ཟེར་ ཁོ་གིས་བཤད་ཡོདཔ་ཨིན་པས།

བློན་པོའི་གོ་གནས་འཆང་མི་༦ དེ་ཅིག་གིས་ ཨཱསི་ཊེ་ལི་ཡ་ལུ་ སློབ་སྦྱོང་འབད་མི་ཚུ་ཨིནམ་ལས་ མ་འོངས་པའི་ནང་ ཨཱསི་ཊེ་ལི་ཡ་ལས་ སློབ་སྦྱོང་འབད་མི་ སློབ་ཕྲུག་མང་ཤོས་ཀྱིས་ར་ བློན་པོ་འབད་འོང་ཟེར་ཨིན་པས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་དྲགོས་ཀརྨ་ཚུལ་ཁྲིམས་ཀྱིས་ ཨཱསི་ཊེ་ལི་ཡའི་ གྲོགས་རམ་ཐོབ་མི་ཚུ་ལུ་ དགའ་ཚོར་ཡོད་པའི་ཁར་ གྲོགས་རམ་འཕྲོ་མཐུད་འབད་མི་ལུ་ཡང་ དགའ་ཚོར་བསམ་ཡོདཔ་ཨིན་པས།

གྲོགས་རམ་འབད་མི་དེ་ཡང་ གཙོ་བོ་ར་ ཨཱསི་ཊེ་ལི་ཡ་གིས་ དབང་པོ་སྐྱོན་ཅན་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དེ་ གལ་ཆེ་བའི་རྟགས་མཚན་ཨིན་མས་ཟེར་ བཤད་ཅི།

ལཱ་གཡོག་དང་མི་སྟོབས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཤེས་རབས་བསྟན་འཛིན་གྱིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་ མི་སྡེའི་དཔལ་འབྱོར་ཡར་རྒྱས་གཏང་ནིའི་དོན་ལུ་ ལྕོགས་གྲུབ་ཡར་རྒྱས་གཏང་དགོཔ་དེ་ མེད་ཐབས་མེདཔ་ཅིག་ཨིནམ་ད་ ཨཱསི་ཊེ་ལི་ཡ་གིས་ རྒྱབ་སྐྱོར་རྒྱུན་མ་ཆད་པར་འབད་མི་དེ་གིས་ མ་འོངས་པའི་ནང་ ཕན་པ་སྦོམ་འོང་ཟེར་ཨིན་པས།

ལུང་ཕྱོགས་ནང་ལས་ ཧེ་མ་ གྲོགས་རམ་ཐོབ་མི་ སློབ་ཕྲུག་ཚུ་གིས་ རང་བཞིན་གནས་སྟངས་དང་འཛམ་གླིང་ ཉེན་སྲུང་འབད་ནིའི་ནང་ ཁས་བླངས་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།

ཐིམ་ཕུག་ལུ་སྦེ་ ཉིན་གྲངས་༤ གི་རིང་ ལྷོ་དང་ནུབ་ཨེ་ཤིའི་ སློབ་ཕྲུག་བགྲེསཔ་ཚུ་གི་ ཞལ་འཛོམས་སྐབས་ རང་བཞིན་གནས་སྟངས་དང་གནམ་གཤིས་འགྱུར་བགྲོད་ གདོང་ལེན་དང་འབྲེལ་བའི་ འགོ་འདྲེན་འཐབ་ནིའི་དོན་ལུ་ ལས་འགུལ་༣ མ་དངུལ་གྱི་གྲོགས་རམ་ཡང་ ཐོབ་ཡོདཔ་ཨིན་པས།

ལས་འགུལ་དེ་གི་དོན་ལུ་ ལས་འགུལ་༡༤ གིས་ གྲོས་འཆར་བཀོད་མིའི་གྲལ་ལས་ བང་ལ་དེཤ་ལས་ཨིན་མི་གིས་ ཨང་དང་པ་དང་ པ་ཀིསི་ཏཱན་ལས་ཨིན་མི་གིས་ཨང་༢ པ་ དེ་ལས་ ཨང་༣ པ་དེ་ ཤྲི་ལངྐ་ལས་ རང་བཞིན་གནས་སྟངས་ཉམས་སྲུང་དོན་ལུ་ སློབ་ཕྲུག་ཚུ་ལག་ལེན་འཐབ་ནིའི་ ལས་འགུལ་གྲོས་འཆར་བཙུགས་མི་གིས་ ཐོན་ནུག།

རོད་ཧིལ་ཊོན་གྱིས་ བཤད་མིའི་ནང་ ལས་འགུལ་ཚུ་ཡང་ སློབ་ཕྲུག་བགྲེསཔ་ཚུ་གིས་ སྤུས་ཚན་ཅན་གྱི་ གྲོས་འཆར་བཙུགས་ཡོད་མི་ལུ་ ངལ་རངས་ཡོད་ཟེར་ བཤད་ཡོདཔ་ཨིན་པས།

ཁོ་གིས་སླབ་མིའི་ནང་ སློབ་གཉེར་གྲོགས་རམ་ཐོབ་མི་ཚུ་མ་བརྩིས་བར་ ཨཱསི་ཊེ་ལི་ཡ་ལུ་ དཔེ་ཆ་ལྷབ་མི་༢,༠༡༧  ཡོད་མི་ཚུ་གིས་ཡང་ འབྲུག་ལུ་ལོག་འོང་སྟེ་ ཁོང་གི་ཉམས་མྱོང་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ ལག་ལེན་འཐབ་འོང་ཟེར་ཨིན་པས།

ཤུལ་མའི་ སློབ་སྦྱོང་གྲོགས་རམ་དེ་ སང་ཕོད་སྤྱི་ཟླ་༡ པའི་ནང་ལས་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

བཀྲིས་སྒྲོལ་མ་དང་ རྣམ་རྒྱལ་དབང་མོ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *