ཨར་རྐུན་གྱི་ གནད་དོན་ཚུ་ནང་ འབྲེལ་གཏོགས་ཡོད་མི་ དོགས་ཅན་ཕོ་སྐྱེས་༢ འཛིན་བཟུང་།

༉ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ འདས་པའི་ཟླཝ་༢ ནང་ ཐིམ་ཁྲོམ་ནང་འཁོད་ལུ་ ཨར་རྐུན་གྱི་ གནད་དོན་མང་རབས་ཅིག་བྱུང་མིའི་ནང་ འབྲེལ་གཏོགས་ཡོད་མི་ དོགས་པ་ཅན་ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་ཚུ་གིས་ ཀུན་གསལ་ཕོ་བྲང་གི་ ས་ཁོངས་ནང་བཞག་མི་ སྣུམ་འཁོར་ཚུ་ནང་ལས་ དངུལ་བཏོན་འབག་ཡོད་པའི་ སྙན་ཞུ་༡༠ དེ་ཅིག་ ལྷོད་ཅི་ཟེར་ཨིནམ་ད་ ད་རུང་ སྙན་ཞུ་མ་འབད་མི་ ལེ་ཤ་ཡོདཔ་འོང་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཀུན་གསལ་ཕོ་བྲང་གི་ འཛིན་སྐྱོང་གི་ རྒྱབ་སྐྱོར་ཐོག་ལས་ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ སྐྱེས་ལོ་༤༤ ལང་མི་ དོགས་པ་ཅན་ ཕོ་སྐྱེས་ཅིག་ ས་ཁོངས་དེ་ནང་ལས་ར་ འཛིན་བཟུང་འབད་ཚུགས་ཅི་ཟེར་ཨིནམ་ད་ མོང་སྒར་ལས་ཨིན་མི་ དོགས་ཅན་དེ་ གླ་འཁོར་དེད་གཡོགཔ་ཅིག་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དོགས་ཅན་དེ་ལུ་ དྲི་དཔྱད་འབད་བའི་སྐབས་ གནད་དོན་༡༠ དེ་ཅིག་གི་ སྙན་ཞུ་ལྷོད་ཡོད་མི་ལས་ ཁོ་གིས་ཁག་༥ འབད་ཡོདཔ་སྦེ་ རྫུན་ཁ་བཟེད་ཅི་ཟེར་ཨིནམ་ད་ ཁོ་ལས་ འབྲུག་པའི་ཏི་རུ་དང་ སིངྒ་པུར་ ནེ་པཱལ་ལ་སོགས་པའི་ ཕྱིའི་ཏི་རུ་ཚུ་ ཐོབ་ཅི་ཟེར་ཨིན་པས།
དོགས་པ་ཅན་གྱིས་ སྣུམ་འཁོར་ཚུ་ནང་ལས་ དངུལ་ཚུ་བཏོན་འབག་པའི་སྐབས་ སྣུམ་འཁོར་ཚུ་ལུ་ གནོད་སྐྱོན་ག་ནི་ཡང་མེད་པར་ འབག་དོ་ཡོདཔ་ད་ ཁོ་ར་ཧེ་མར་ སྣུམ་འཁོར་བཅགས་དཀྲུམ་གྱི་ གནད་དོན་ལུ་བརྟེན་ བཙོན་ཁྲིམས་ཕོག་ཡོད་མི་ཅིག་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༢ པའི་ཚེས་༢༣ ལུ་ ཨར་རྐུན་གྱི་ བྱ་ངན་མང་རབས་ཅིག་ནང་ འབྲེལ་གཏོགས་ཡོད་མི་ སྐྱེས་ལོ་༢༨ ལང་མི་ དོགས་པ་ཅན་ཅིག་ ཨོ་ལ་ཁ་ལས་ འཛིན་བཟུང་འབད་ཡོདཔ་ད་ དོགས་ཅན་དེ་ཡང་ ཨོ་ལ་ཁ་ལུ་ ཨར་རྐུན་གྱི་ གནད་དོན་ཅིག་ཐོན་པའི་ སྙན་ཞུ་ལྷོད་མི་དང་འཁྲིལ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འདས་པའི་ལོ་ཕྱེད་དེ་ཅིག་ལས་ ཨར་རྐུན་གྱི་ གནད་དོན་༤༠ ལྷགཔ་ཅིག་གི་ སྙན་ཞུ་ལྷོདཔ་བཞིན་དུ་ དོགས་ཅན་དེ་ལུ་ དྲི་དཔྱད་འབད་བའི་སྐབས་ ཁོ་གིས་ གནད་དོན་ཁག་༢༥ དེ་ཅིག་ནང་ འབྲེལ་གཏོགས་ཡོད་པའི་ ཁ་བཟེད་ཅི་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ དོགས་ཅན་དེ་གིས་ མི་ཚུ་གི་ ལག་བེག་ལ་སོགས་པ་ཚུ་ ཨར་རྐུན་འབད་དོ་ཡོད་མི་དེ་ཡང་ ངོ་མ་ར་ ཏི་རུའི་དོན་ལུ་ཨིནམ་ལས་ ག་དེམ་ཅིག་སྦེ་ ལག་བེག་ཚུ་ནང་ འགྲུལ་འཕྲིན་མོ་བཱ་ཡེལ་ཚུ་ཡོད་རུང་ དཀྲུམ་བཏང་སྟེ་ བཀོག་དོ་ཡོདཔ་མ་ཚད་ ལག་བེག་ཚུ་ཡང་ ཏི་རུ་ཚུ་ བཏོན་ཚར་བའི་ཤུལ་ལས་ བཀོག་བཏང་དོ་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ དོགས་ཅན་གྱིས་ ཨར་རྐུན་ཚུ་ཡང་ ལུང་བསྟན་ཟམ་པ་དང་ མུ་ཏིག་ཐང་ལ་སོགས་པའི་ ས་ཁོངས་ཚུ་ནང་ལས་ འབད་ཡོདཔ་བཞིན་དུ་ ལག་བེག་དང་ ཅ་ཆས་གཞན་དག་པ་ཅིག་ ལོག་ཐོབ་ཅི་ཟེར་ཨིནམ་ད་ ཁོ་གིས་ ད་རུང་ དེ་བཟུམ་མའི་ གནད་དོན་ཚུ་ནང་ འབྲེལ་གཏོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
དོགས་པ་ཅན་ཕོ་སྐྱེས་༢ པོ་དེ་ འཛིན་བཟུང་འབད་ཞིནམ་ལས་ ད་ལྟོ་ཚུན་གྱི་བར་ན་ ཨར་རྐུན་དང་འབྲེལ་བའི་ སྙན་ཞུ་ཅིག་ཡང་ མ་ལྷོད་ཟེར་ འགག་སྡེའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *