༉ ལྷུན་རྩེ་ ཨའུ་མཚོ་ཁྲོམ་གྱི་ མི་སེར་བརྒྱ་ལས་བཅད་མི་ཚུ་གིས་ ཨ་རྟག་བཟུམ་སྦེ་ སྒོང་རྡོག་བཙོང་པར་འོང་མི་ཚུ་ལུ་ བསྒུག་སྡོད་མ་དགོ་པར་ བྱ་གསོ་སྐྱོང་ཁང་ཚུ་ལས་ སྒོང་རྡོག་ཉོ་འབག་འགྱོ་དོ་ཡོདཔ་ཨིན་པས།
འདས་པའི་ལོ་༥ འི་ཧེ་མར་ རྒྱ་གར་ཨ་སམ་དང་ བེང་གཱལ་ལས་ ནང་འདྲེན་འབད་མི་ སྒོང་རྡོག་ཚུ་ ཚོང་ཁང་ཚུ་ནང་ལས་ ཉོ་ཟ་ནི་མ་གཏོགས་ ད་རེས་བཟུམ་སྦེ་ ནང་འཁོད་ལས་ཐོན་མི་ སྒོང་རྡོག་ཚུ་ བཟའ་སྤྱོད་འབད་མ་ཚུགསཔ་ཨིན་པས།
བཙན་མཁར་རྒེད་འོག་ནང་ མི་སེར་གུང་པ་༢ ཀྱིས་ བྱ་གསོ་སྐྱོང་ཁང་ གཞི་བཙུགས་འབད་ཡོདཔ་ལས་ ཨའུ་མཚོ་ཁྲོམ་གྱི་ ཉེ་འདབས་ལུ་ སྐྱེས་ལོ་༥༠ ལང་མི་ ཀེ་བི་ པར་དཱན་དང་ རྡོ་ལུ་ཕུག་གཡུས་ཚན་ནང་ སོ་ནམ་པ་ཀུན་བཟང་དབང་ཕྱུག་༢ ཨིན་པས།
ཨའུ་མཚོ་ཁྲོམ་གྱི་ མི་སེར་དང་ ཚོང་པ་ ཞི་གཡོགཔ་ དེ་ལས་ སློབ་གྲྭ་ཚུ་ལུ་ ཀེ་བི་ པར་དཱན་གྱིས་ བྱ་གསོ་སྐྱོང་ཁང་ལས་ སྒོང་རྡོག་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ མོང་སྒར་དང་ ལྷུན་རྩེ་ཁྲོམ་ཚུ་ནང་ ཀུན་བཟང་དབང་ཕྱུག་གིས་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
ཀེ་བི་ པར་དཱན་གྱིས་ སྤྱི་ལོ་༢༠༡༢ ལུ་ མོང་སྒར་རྫོང་ཁག་ གླིང་མི་ཐང་ལུ་ཡོད་པའི་ བྱ་གསོ་སྐྱོང་ཁང་ལས་ བྱི་ཅུང་༥༠༠ དེ་ཅིག་འབག་སྟེ་ ཚོང་འབྲེལ་གྱི་དོན་ལུ་ ཨའུ་མཚོ་ཁྲོམ་གྱི་ ཉེ་འདབས་ལུ་ ཁོ་རའི་ གནས་ཚང་གི་ཁྲམ་ནང་ཡོད་པའི་ ས་ཆ་ནང་ བྱ་གསོ་སྐྱོང་ཁང་ གཞི་བཙུགས་འབད་ནུག།
ཀེ་བི་ པར་དཱན་གྱིས་ སླབ་མིའི་ནང་ ཚོང་འབྲེལ་གྱི་དོན་ལུ་ བྱ་གསོ་སྐྱོང་ཁང་བཙུགས་མི་ གཞན་མེདཔ་ལས་ བྱའི་ཐོན་སྐྱེད་སྒོང་རྡོག་ཚུ་ ག་དེམ་ཅིག་ཡོད་རུང་ བཙོང་མ་ཚུགས་པའི་ དཀའ་ངལ་མེདཔ་མ་ཚད་ བྱ་ཕུད་རྡོག་གཅིག་ལུ་ཡང་ གནོད་སྐྱོན་མ་བྱུང་མི་ལུ་བརྟེན་ སྤྱི་ལོ་༢༠༡༦ ལུ་ བྱི་ཅུང་ཐེབས་ མཁོ་སྒྲུབ་འབད་ཡི་ཟེར་ཨིན་པས།
བྱ་༥༠༠ གིས་ ཉིན་བསྟར་བཞིན་དུ་ སྒོང་རྡོག་༤༠༠ དང་༥༠༠ འི་བར་ན་ བུད་དོ་ཡོདཔ་ལས་ ཟླ་རིམ་བཞིན་དུ་ འོང་འབབ་དངུལ་ཀྲམ་༡༧,༠༠༠ ལས་༢༠,༠༠༠ འི་བར་ན་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
ཀེ་བི་ པར་དཱན་གྱིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༦ ལུ་ བྱ་ཐེབས་བཙུགས་ནིའི་དོན་ལུ་ གྲོང་གསེབ་གོང་འཕེལ་དངུལ་ཁང་ལས་ བསྐྱིན་འགྲུལ་དངུལ་ཀྲམ་༣༠༠,༠༠༠ ལྷགཔ་ཅིག་ལེན་ཏེ་ བྱ་རིགས་གསརཔ་༦༠༠ དེ་ཅིག་ མཁོ་སྒྲུབ་འབད་ཡི་ཟེར་ཨིན་པས།
བྱ་དཀརཔོ་༦༠༠ མཁོ་སྒྲུབ་འབད་མི་དེ་གིས་ ད་རེས་ནངས་པར་ སྒོང་རྡོག་བུད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ ཟླཝ་༡ གི་ཤུལ་ལས་ བྱ་ཆ་མཉམ་གྱིས་ སྒོང་རྡོག་བུད་ནི་ཨིནམ་ལས་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ ཀུན་བཟང་དབང་འདུས་ལུ་ བྱ་༡,༣༠༠ དེ་ཅིག་ཡོདཔ་ད་ ཁོ་གིས་ སྒོང་རྡོག་ཚུ་ ཨའུ་མཚོ་ཁྲོམ་དང་ མོང་སྒར་ དེ་ལས་ ལྷུན་རྩེ་ཁྲོམ་ནང་ བཙོང་པར་འགྱོ་དོ་ཡོདཔ་ཨིན་པས།
ཨའུ་མཚོ་ཁྲོམ་ནང་སྡོད་མི་ ཚོང་པ་ཚུ་གིས་ བསམ་འཆར་བཀོད་མིའི་ནང་ ད་རེས་ནངས་པར་ ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ འགྲན་བསྡུར་གྱི་ཐོག་ལས་ ཁྲོམ་ནང་བཙོང་པར་འབག་འོངམ་ད་ རང་བཞིན་གྱིས་ གོང་ཚད་མར་འབབ་འགྱོ་ནི་འདུག་ཟེར་ཨིན་པས།
བཙན་མཁར་རྒེད་འོག་ལས་ སྒོ་ནོར་རྒྱ་བསྐྱེད་ལས་རོགསཔ་ ཉི་མ་རྡོ་རྗེ་གིས་ སླབ་མིའི་ནང་ ད་ཚུན་ རྒེད་འོག་ནང་ བྱ་གསོ་སྐྱོང་ཁང་༢ ཡོད་མི་དེ་གིས་ མི་སེར་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་སྤྲོད་ཚུགསཔ་མ་ཚད་ ཁོང་ར་ལུ་ འོང་འབབ་བཟོ་ཚུགས་ནི་དེ་གིས་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
ཁོང་༢ ལུ་ དཔེ་བལྟ་སྟེ་ ད་རེས་ནངས་པར་ གཡུས་ཚན་ཅིག་ནང་ གུང་པ་ཅིག་གིས་ བྱ་གསོ་སྐྱོང་ཁང་བཙུགས་ནིའི་དོན་ལུ་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
ད་ལྟོ་ཚུན་གྱི་བར་ན་ སྒོང་རྡོག་བཙོང་མ་ཚུགས་པའི་ དཀའ་ངལ་མེདཔ་མ་ཚད་ བྱ་ནད་ཡང་ མ་འཐོན་པའི་ཁར་ བྱ་ཚུ་ལུ་ སྨན་ཁབ་བཙུགས་དོ་ཟེར་ ཉི་མ་རྡོ་རྗེ་གིས་ སླབ་པའི་ཁར་ ཐོན་སྐྱེད་བཙོང་ནི་ལུ་ཡང་ ཞབས་ཏོག་བྱིན་ནི་ཨིན་ཟེར་ ཨིན་པས།
བཙན་མཁར་རྒེད་འོག་ནང་ བྱ་གསོ་སྐྱོང་ཁང་༢ མ་གཏོགས་ སྒོ་ནོར་གསོ་སྐྱོང་ཁང་མེདཔ་བཞིན་དུ་ ཕགཔ་གསོ་སྐྱོང་ཁང་ གཞི་བཙུགས་འབད་མ་ཆོགཔ་སྦེ་ བཟོ་ཡི་ཟེར་ ཨིན་པའི་གནས་ཚུལ།
ཨའུ་མཚོ་ལས་ བཀྲིས་ཕུན་ཚོགས།