ཨའི་བསད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་ངོ་༡༦ ཕོག་ཡོདཔ།

༉ སྐྱེས་ལོ་༢༤ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ཨའི་ལུ་ གྱི་གསོབ་སྟེ་ བསད་མི་དེ་ལུ་ རྡོ་རོ་ཁ་ དྲུང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་ངོ་༡༦ བཀལ་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༡ ལུ་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ བུ་དྷ་ཀུ་མར་ རའི་གིས་ དུས་ཅི་སྤྱི་ཟླ་༣ པའི་ཚེས་༡༤ གི་དྲོ་པ་ ཨའི་གིས་ ཁོ་གི་ ཉལ་ཁང་ནང་འོང་སྟེ་ ལོང་ཟེར་སྐད་རྐྱབ་མི་ལུ་ ཙིགཔ་ཟ་བའི་ཤུགས་ཀྱིས་ དེ་འཕྲོ་ལས་ ཐབ་ཚང་ནང་སོང་སྟེ་ གྱི་ཅུང་ཀ་ཊ་ལ་ འཐུ་འབག་འོང་ཞིནམ་ལས གསོབ་བྱིན་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ སྲོག་བཅད་པའི་ ཉེས་འཛུགས་ཕོག་མི་ལུ་བརྟེན་ འབྲུག་གི་ཉེས་འགེལ་ཁྲིམས་སྡེབ་ འཕྲི་སྣོན་འབད་མིའི་ དོན་ཚན་༡༣༩ པ་དང་འཁྲིལ་ དབྱེ་རིམ་གཉིས་པའི་ཉེས་ཆེན་གྱི་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
ཁྲིམས་སྡེབ་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ ནང་མི་བཟའ་ཚང་ཚུ་ལུ་ རྒུད་འཐུས་སྤྲོད་དགོཔ་ཨིན་རུང་ ཁོ་རའི་ཨ་པ་གིས་ སྤྲོད་མ་དགོ་པའི་སྐོར་ལས་ ཁྲིམས་འདུན་ལུ་ ཞུ་མི་དང་འཁྲིལ་ སྤྲོད་མ་དགོཔ་བཟོ་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་བའི་ཚེ་ ཉེས་འཛུགས་ཅན་དེ་ ཁྱིམ་རྙིངམ་ནང་ ཁོ་ར་རྐྱངམ་གཅིག་སྦེ་ སྡོདཔ་ཨིན་རུང་ བཞེས་སྒོའི་ཐད་ཁར་ ཨཔ་དང་ཨའི་གཅིག་ཁར་ ཟ་སྡོད་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ ཉེ་འདབས་ལུ་ཡོད་པའི་ ཚོང་ཁང་ནང་ལས་ ཧེ་མ་ལས་ར་ གྱི་ཅུང་ཀ་ཊ་ལ་ཅིག་ ཉོ་བཞག་མི་དེ་ ཨའི་གསད་ནི་ལུ་དམིགས་ཏེ་ བཞག་ནུག་ཟེར་ བཀོད་ཡོདཔ་ཨིན་པས།
ཁོ་གིས་ ཨའི་ལུ་ གྱི་གསོབ་བྱིན་པའི་ཤུལ་ལས་ སྒྲུབ་བྱེད་མེདཔ་བཟོ་ནིའི་དོན་ལུ་ ཀ་ཊ་ལ་བཀོག་བཏང་སྟེ་ ཁོ་ར་ཡང་ ས་གནས་ནང་ལས་ བྱོག་ཡར་སོ་རུང་ ཤུལ་ལས་ འཛིན་བཟུང་འབད་དེ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *