ཨམ་སྲུའི་དབང་ཆ་གི་ ཟིན་བྲིས་ལས་འཆར་དོན་ལུ་ གྲོས་འདེབས་ཚུ་བཀོད་ཡོདཔ།

༉ ཉིན་གྲངས་༢ ཀྱི་རིང་ ཨམ་སྲུ་ཚུ་གིས་ སྲིད་དོན་དང་གཞུང་སྐྱོང་ལེགས་ལྡན་ དེ་ལས་ འགོ་ཁྲིད་པའི་འགན་ཁུར་ཚུ་ནང་ བརྩོན་ཤུགས་བྱིན་ཐབས་ལུ་ རྒྱལ་ཡོངས་གྲོས་འཛོམས་ཅིག་ འཚོགས་པའི་སྐབས་ བཅའ་མར་གཏོགས་མི་ ཨམ་སྲུ་ཚུ་གིས་ སྐུལ་བསྒྲགས་མ་དངུལ་བྱིན་དགོ་པའི་ གྲོས་འཆམ་བྱུང་ཡི།
ཁ་ཙ་ ཉིནམ་མཇུག་གི་སྐབས་ལུ་ བཅའ་མར་གཏོགས་མི་ཚུ་གིས་ སྐུལ་བསྒྲགས་ཀྱི་ མ་དངུལ་བྱིན་པའི་སྐབས་ ཨམ་སྲུ་ཚུ་གིས་ དང་འདོད་མངམ་བསྐྱེད་ཐབས་ལུ་ ཕོ་སྐྱེས་ལུ་བྱིན་མི་དང་ཕྱདཔ་ད་ ཐེབས་བྱིན་དགོ་པའི་ གྲོས་འདེབས་འབད་ཡི།
སྤ་རོ་ལས་ཨིན་མི་ རྒཔོ་བགྲེསཔ་ཅིག་གིས་ སླབ་མིའི་ནང་ སྐུལ་བསྒྲགས་མ་དངུལ་བྱིན་དགོ་པའི་ ཐབས་ལམ་དེ་གིས་ ཨམ་སྲུ་ཚུ་གིས་ བཙག་འཐུའི་སྐབས་ དང་འདོད་ཐེབས་ བསྐྱེད་ནི་ལུ་ ལྷན་ཐབས་འབད་འོང་ཟེར་བཤད་ཡི།
མོ་གིས་འབད་བ་ཅིན་ གཞུང་ལས་ མ་དངུལ་གྱི་རྒྱབ་སྐྱོར་ཡོད་པ་ཅིན་ ཨམ་སྲུ་མང་ཤོས་ཀྱིས་ བཙག་འཐུ་ནང་ བཅའ་མར་གཏོགས་པར་ འཐོན་འོང་ཟེར་ཨིནམ་ད་ ད་ལྟོའི་ གནས་སྟངས་ནང་འབད་བ་ཅིན་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཨམ་སྲུ་ཚུ་གིས་ མ་དངུལ་དེ་ ཕོ་སྐྱེས་ཚུ་ལུ་ རེ་དགོ་པས་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ སྲིད་དོན་ཚོགས་པ་ཚུ་གིས་ ཨམ་སྲུ་ཚུ་གི་དོན་ལུ་ སྡོད་ཁྲི་སྐལ་བགོ་ བཞག་དགོ་པའི་སྐོར་ལས་ཡང་ ལོ་རྒྱུས་ཐོན་ཡོདཔ་ད་ ཨམ་སྲུ་མང་སུ་གིས་ གྲལ་གཏོགས་འབད་ནིའི་དོན་ལུ་ འབྲུག་གི་ཨམ་སྲུའི་དབང་ཆ་མཐུན་འབྲེལ་ལ་སོགས་པའི་ གཙུག་སྡེ་ཚུ་ཡང་ རྩ་བརྟན་བཟོ་དགོ་པས་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ གྲོས་འདེབས་འབད་མི་ཚུ་ ཕོ་མོའི་དབང་ཆ་འདྲ་མཉམ་བཟོ་ནིའི་དོན་ལུ་ འབྲུག་གི་རྒྱལ་ཡོངས་འཆར་གཞི་ལས་འཆར་བཟོ་བའི་བསྒང་ཡོད་མི་ ཟིན་བྲིས་ལུ་ ལྷན་ཐབས་འབད་ནི་ཨིན་པས།
འགོ་ཐོག་བཙག་འཐུ་སྐབས་ གཞུང་ལས་ དངུལ་ཀྲམ་༡༥༠,༠༠༠ བྱིན་སྲོལ་ཡོད་མི་དེ་ཡང་ བསྐྱར་ཞིབ་འབད་དགོ་པའི་སྐོར་ལས་ སླབ་མི་ཐོན་ཡོདཔ་ད་ འདས་པའི་ལོ་༡༠ གྱི་ནང་འཁོད་ལུ་ བཙག་འཐུ་ཡིག་ཚང་ཚུ་ནང་ ཨམ་སྲུའི་བརྒྱ་ཆ་ ཡར་སེང་སོང་ཡོད་རུང་ མི་སྡེ་ཆུང་ཀུ་ཅིག་ནང་ གནས་སྟངས་དེ་ དེ་བ་དྲགཔ་བཟོ་ཚུགས་ཟེར་ བཅའ་མར་གཏོགས་མི་ཚུ་གིས་ བཤད་ཅི།
གྲོས་བསྟུན་ཚུ་འབད་བའི་སྐབས་ མང་ཤོས་ཀྱིས་ མི་སྡེའི་ལེགས་བསྒྱུར་དོན་ལུ་ འོང་དགོ་ཟེར་མི་དེ་ གཅིག་མཐུན་ཐོག་ལས་བཤད་ཡོདཔ་ད་ བཅའ་མར་གཏོགས་མི་ སྤྱི་ཚོགས་ཀྱི་འཐུས་མི་དང་ མི་སྡེའི་ངོ་ཚབ་ བརྡ་བརྒྱུདཔ་ དེ་ལས་ སྲིད་དོན་ཚོགས་པ་ཚུ་གིས་ བཙག་འཐུ་སྐབས་ ཨམ་སྲུ་ཚུ་ལུ་ དཀའ་ངལ་མང་སུ་ཐོན་དོ་ཡོད་པའི་སྐོར་ལས་ གྲོས་བསྟུན་འབད་ཡི།
བཙག་འཐུ་ནང་ ཨམ་སྲུ་ཚད་ཅིག་ལས་ བཅའ་མར་གཏོགས་མི་ མ་འཐོན་མི་དེ་ཡང་ ཕྱོགས་ལྷུང་དང་ བཟའ་ཚང་ནང་ ཨམ་སྲུ་གིས་ འགན་ཁུར་འབག་དགོ་མི་ དེ་ལས་ ཨམ་སྲུའི་ཤེས་ཚད་དང་ མནོ་ལུགས་ལུ་བརྟེན་ ཧེང་སྐལ་ར་ ཨམ་སྲུ་ཚུ་གིས་ རང་གི་བློ་སྟོབས་ཉམས་འགྱོ་དོ་ཡོདཔ་ཨིན་པས།
ཌེ་ནིཤ་དམངས་གཙོ་དང་ ཚོགས་པའི་གཙུག་སྡེའི་ངོ་ཚབ་ བཱོ་ ཀ་རཱལ་སེན་གྱིས་ སྤྱི་ཚོགས་ནང་ ཤེས་ཡོན་ཅན་གྱི་ཕོ་སྐྱེས་ ག་དེམ་ཅིག་ཡོད་རུང་ ཨམ་སྲུའི་དཀའ་ངལ་སྐོར་ལས་དང་ ཨམ་སྲུའི་མནོ་ལུགས་ཚུ་ ཧ་གོ་མི་ཚུགས་ཟེར་ཨིན་པས།
ནེ་པཱལ་གྱི་ སྤྱི་ཚོགས་འཐུས་མི་གིས་ བཙག་འཐུ་འགྲུབ་པའི་ཤུལ་ལས་ མི་དེ་གིས་ ཡིག་ཚང་ནང་ ཡུན་བརྟན་གནས་དོ་བཟུམ་མའི་ གདོང་ལེན་མེད་ཟེར་ཨིན་པས།
གྲོས་འཛོམས་ཐེངས་༢ པའི་སྐབས་ སྤྱི་ལོ་༢༠༡༨ ལོའི་བཙག་འཐུ་སྐབས་ ཨམ་སྲུ་༣༠ འོང་ཐབས་འབད་ནི་དང་ སྤྱི་ལོ་༢༠༢༠ ལུ་ ས་གནས་གཞུང་གི་འགོ་ཁྲིད་ནང་ ཨམ་སྲུའི་གྱངས་ཁ་ བརྒྱ་ཆ་༣༠ ལུ་ ཡར་སེང་འབད་ནིའི་ གྲོས་འདེབས་འབད་ཡོདཔ་ད་ བཀོད་ཁྱབ་གནས་རིམ་དང་ ཞི་གཡོགཔ་ དེ་ལས་ མི་དམངས་ཞབས་ཏོག་བྱིན་མི་ ཡིག་ཚང་ཚུ་ནང་ བརྒྱ་ཆ་༢༥ ཡར་སེང་འབད་ནིའི་ རྒྱབ་སྣོན་འབད་ནུག།
སྤྱི་ལོ་༢༠༠༨ ལུ་ བཙག་འཐུ་འགོ་དང་པ་འབད་བའི་སྐབས་ ཨམ་སྲུ་༨ བཙག་འཐུ་གྲུབ་ཡོདཔ་ད་ རྒྱལ་ཡོངས་ཚོགས་འདུ་ནང་ ཨམ་སྲུ་ངོ་ཚབ་༤ ལས་མེདཔ་ཨིན་པས།
བཙག་འཐུ་ཐེངས་༣ པའི་ནང་ ཨམ་སྲུ་༡༡ གིས་ སྤྱི་ཚོགས་ནང་ བཙག་འཐུ་གྲུབ་ཡོདཔ་ད་ དེ་ཡང་ རྒྱལ་ཡོངས་ཚོགས་འདུ་ནང་༧ དང་ རྒྱལ་ཡོངས་ཚོགས་སྡེ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྐོ་བཞག་གནང་མི་༢ བརྩིས་ཏེ་ ཨམ་སྲུ་༤ ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ ས་གནས་གཞུང་གི་ བཙག་འཐུ་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ རྒཔོ་གི་དོན་ལུ་ ཨམ་སྲུ་༢༡ གིས་ དོ་འགྲན་འབད་མི་ལས་༡ རྐྱངམ་གཅིག་གིས་ རྒཔོ་སྦེ་བཙག་འཐུ་གྲུབ་ཡོདཔ་ད་ བཙག་འཐུ་ཐེངས་༢ པའི་ཤུལ་ལས་ ད་རེས་ ཁྲོམ་སྡེ་ངོ་ཚབ་༣ དང་ ཁྲོམ་སྡེ་ཚོགས་པ་༩ རྒཔོ་༢ དམངས་མི་༢༤ དེ་ལས་ ཨམ་སྲུ་ཚོགས་པ་༡༣༦ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *