ཨམ་སྲུ་སྨན་པ་ཚུ་ བགོ་བཀྲམ་འབད་ནིའི་ ནང་འཐུས་ཤོར།

༉ དུས་ཅི་ སྤྱི་ཟླ་༡ པ་མཇུག་བསྡུ་ཁམས་ཅིག་ལས་ རྒྱལ་ཁབ་ཀྱི་ ས་གནས་མཐའ་ཟུར་ཚུ་ནང་ སྡོད་མི་ཚུ་གིས་ སྡེ་རིམ་༢ པའི་ གཞི་རྟེན་སྨན་ཁང་ཚུ་ནང་ ཨམ་སྲུ་སྨན་པ་རེ་ ལྷོད་ནི་ལུ་ སག་ལང་སྟེ་ བསྒུགས་སྡོད་ཡོདཔ་བཞིན་དུ་ བརྡ་བརྒྱུད་ཚུ་གིས་ཡང་ གསོ་བའི་ལྷན་ཁག་དང་ དུས་རྒྱུན་དུ་ འབྲེལ་བ་འཐབ་སྟེ་ དུས་ཐོག་གནས་ཚུལ་ཁྱབ་སྤེལ་འབད་མི་དེ་གིས་ མི་ཚུ་ལུ་ ཧེང་སྐལ་ར་ ཡིད་ཆེས་འདྲོངས་ནུག།

དེ་ཡང་ མཐའ་ཟུར་གྱི་ གཞི་རྟེན་སྨན་ཁང་ཚུ་ནང་ གསོ་བའི་སྨན་པ་ཨམ་སྲུ་ ལྷོད་པའི་བསྒང་ལས་ སྐྱེས་མ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ ཁྱིམ་ནང་མེན་པར་ སྨན་ཁང་ནང་ སྐྱེ་ནི་ལུ་ གདམ་ཁ་རྐྱབ་ནི་གི་ གོ་སྐབས་ཡོད་མི་ལུ་བརྟེན་ཨིན་མས།

གསོ་བའི་ལྷན་ཁག་གིས་ཡང་ ཨམ་སྲུ་བརྒྱ་ཆ་༡༠༠ གིས་ རང་སོའི་ཨ་ལོ་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ སྨན་ཁང་ཚུ་ནང་ སྐྱེ་བཅུག་ཐབས་ལུ་ རྒྱལ་ཁབ་ནང་འཁོད་ལུ་ སྡེ་རིམ་༢ པའི་གཞི་རྟེན་སྨན་ཁང་༡༨༤ ཡོད་མི་ ཆ་མཉམ་ནང་ གསོ་བའི་སྨན་པ་ཨམ་སྲུ་རེ་གཏང་ནི་གི་ དམིགས་ཡུལ་བསྐྱེདཔ་ཨིན་མས།

ཨིན་རུང་ དུས་ཅིའི་ལོ་འགོ་བཙུགསཔ་ད་ ཨམ་སྲུ་གསོ་བའི་ལས་རོགསཔ་༢༣ མ་གཏོགས་ གཏང་མི་ཚུགས་ནི་མས་ཟེར་ གཞུང་སྐྱོང་མཆོག་འགྱུར་གྱི་ ལས་འབྲེལ་བསྐྱར་ཞིབ་སྐབས་ སྙན་ཞུ་འབད་མི་དེ་ཡང་ ཨམ་སྲུ་སྨན་པ་མེད་མི་ གཞི་རྟེན་སྨན་ཁང་ཚུ་གི་དོན་ལུ་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་མས།

ཨམ་སྲུ་གསོ་བའི་ལས་རོགསཔ་ཚུ་ གནས་སོར་གཏང་ནི་ལུ་ སྟབས་མ་བདེཝ་ག་དེམ་ཅིག་ཡོདཔ་ཨིན་ན་ ང་བཅས་ལུ་ ཤེས་རྟོགས་བྱུང་ཡོདཔ་བཞིན་དུ་ སྨན་གཡོགམོ་༢༡ གིས་ ཁོང་རའི་གཟུགས་ཁམས་འཕྲོད་བསྟེན་དང་ བཟའ་ཚང་གི་ སྟབས་མ་བདེཝ་ཡོད་པའི་ གནད་དོན་ཚུ་ལུ་བརྟེན་ གནས་སོར་ཆ་མེད་གཏང་གནང་དགོ་པའི་ ཞུ་བ་འབད་མི་ལས་༥ ལུ་ གཞུང་གི་ཧོངས་ལས་ ངོས་ལེན་མཛད་དེ་ ཨམ་སྲུ་གསོ་བའི་ལས་རོགསཔ་༡༦ གནས་སོར་གཏང་ནི་སྦེ་ གྲོས་ཐག་བཅད་མི་དེ་ཡང་ མི་མང་གིས་ ངོས་ལེན་ལེགས་ཤོམ་འབད་ཡི།

འདི་འབདཝ་ད་ ཟླ་ངོ་༢ ཀྱི་ཤུལ་ལས་ ཨམ་སྲུ་གསོ་བའི་ལས་རོགསཔ་ ཕུད་རྡོག་གཅིག་ཡང་ གཏང་མི་ཚུགས་ནི་མས་ཟེར་སླབ་ད་ མི་མང་ལུ་ རྣམ་རྟོག་ལང་དགོཔ་ བྱུང་པའི་ཁར་ གཞུང་གི་ཁས་བླངས་ཚུ་ལུ་ དྲི་བཀོད་འབདཝ་མས།

ལྷན་ཁག་གིས་ ཨམ་སྲུ་གསོ་བའི་ལས་རོགསཔ་ ཆ་མཉམ་གྱི་ གནས་སོར་བཀའ་རྒྱ་ཆ་མེད་བཏང་མི་དེ་ཡང་ ཁོང་གིས་ བློན་ཆེན་ལུ་ གནས་སོར་གཏང་ཐབས་མེདཔ་ཅིག་ མཛད་གནང་ཟེར་ ཞུ་གཏུགས་འབད་མི་ལུ་བརྟེན་ཨིནམ་ད་ ཧེ་མ་འབད་བ་ཅིན་ སྨན་གཡོགམོ་ཚུ་ གནས་སོར་གཏང་པ་ཅིན་ སྟབས་མ་བདེཝ་སྦོམ་ཡོད་རུང་ གཞི་རྟེན་སྨན་ཁང་སྡེ་རིམ་༢ པ་ཆ་མཉམ་ནང་ ཨམ་སྲུ་གསོ་བའི་ལས་བྱེདཔ་རེ་ ག་དེ་སྦེ་ར་ཨིན་རུང་ གཏང་ཚུགསཔ་འབད་ནི་དེ་ བློན་ཆེན་གྱི་ ཁས་ལེན་ཨིནམ་ལས་ གསོ་བའི་ལྷན་ཁག་གིས་ འགྲུབ་ཚུགསཔ་སྦེ་ར་ འབད་ནི་ཟེར་སླབ་སྟེ་ གནས་སོར་གྱི་ བྱ་རིམ་ལུ་ ཤུགས་བཏོན་པའི་ མཐོང་གསལ་བྱུང་ཡི།
ང་བཅས་ཀྱིས་ སྲིད་དོན་གྱི་ ཁས་བླངས་འགྲུབ་ནི་གི་ འབད་རྩོལ་བསྐྱེདཔ་ད་ ཨམ་སྲུ་སྨན་པ་ཚུ་ དེ་འཕྲོ་ལས་ མཐའ་ཟུར་གྱི་ གཞི་རྟེན་སྨན་ཁང་ཚུ་ནང་ བསྐོ་བཞག་དང་ གནས་སོར་བཏང་པ་ཅིན་ སྟབས་མ་བདེཝ་འབྱུང་ནི་ཨིནམ་ལས་ དགོས་མཁོ་དང་འཁྲིལ་ བགོ་བཀྲམ་འབད་དགོ་པའི་ གྲོས་འཆར་བཀོད་ཡོད་རུང་ གཞུང་ལུ་ བརྙས་བཅོས་དང་ སྐྱོན་བརྗོད་འབད་དོ་བཟུམ་མའི་ ཚོར་སྣང་བྱུང་སྟེ་ ཁ་བཏང་བཞིན་དུ་ཡོད།

ད་རིས་ བློན་ཆེན་གྱི་ བཀའ་རྒྱ་དང་འཁྲིལ་ ལྷན་ཁག་གིས་ གནས་སོར་ཆ་མེད་བཏང་མི་དེ་གིས་ གསོ་བའི་ཞབས་ཏོག་ རིན་མེད་སྟོང་པར་སྤྱོད་མི་ སྤྱིར་བཏང་མི་སེར་དང་ བརྡ་བརྒྱུད་ལུ་ གོ་བ་བརྡ་ལོག་སྤྲོདཔ་མ་ཚད་ ཞི་གཡོགཔ་གནས་སོར་དང་ བསྐོ་བཞག་འབད་ནི་ཚུ་ནང་ འཐུས་ཤོར་བྱུང་ཡོདཔ་མ་ཚད་ འཆར་གཞི་བརྩམ་ནི་ནང་ ཁྱད་རིག་མེད་པའི་ བརྡ་མཚོན་ཡང་སྟོནམ་ལས་ འབྲེལ་གནད་ཅན་ཚུ་ལུ་ འགན་འཁྲི་བཀལ་དགོཔ་འདུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *