༉ སྐྱེས་ལོ་༣༨ ལང་མི་ བསོད་ནམས་ལྷ་མོ་གིས་ ས་གནས་གཞུང་ཐེངས་༢ པའི་ནང་ གངས་ཟུར་རྒེད་འོག་ སོམ་ཞིང་སྤྱི་འོག་གི་ ཚོགས་པ་སྦེ་ གདམ་འཐུ་གྲུབ་པའི་ཤུལ་ལས་ འགན་ཁུར་ཧྲིལ་བུམ་འབག་སྟེ་ གཞུང་དང་ མི་སེར་གྱི་དོན་ལུ་ ཞབས་ཏོག་ཞུ་བའི་ཁར་ དམིགས་བསལ་དུ་ སྒོ་ནོར་གསོ་སྐྱོང་ཁང་༢ གཞི་བཙུགས་འབད་དེ་ འོང་འབབ་བཟོཝ་མ་ཚད་ གཞན་ཡང་ དངུལ་ཐོག་གི་ལཱ་ཚུ་ རྒྱ་ཆེ་དྲགས་སྦེ་ འབད་དོ་ཡོདཔ་ཨིན་པས།
ཨ་ལོ་༢ ཀྱི་ཨའི་ བསོད་ནམས་ལྷ་མོ་གིས་ སྤྱི་ལོ་༢༠༠༨ ལུ་ རྨགཔ་དང་ཁ་བྱལ་བའི་ཤུལ་ལུ་ ས་ཆ་ཌེ་སི་མཱལ་༡༥ ཉོ་ཞིནམ་ལས་ ཐོག་ཚད་༡ འབད་མི་ ཁྱིམ་རྐྱབ་ཞིནམ་ལས་ མཐའ་འཁོར་ལུ་ཡོད་པའི་ ས་ཞིང་ཨེ་ཀར་༢ གླ་ཁར་ལེན་ཏེ་ དངུལ་ཐོགས་ཀྱི་རིགས་ཚུ་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
ཨམ་སྲུ་ཚོགས་པ་གིས་ བྱ་དང་ ནོར་གསོ་སྐྱོང་གཞི་བཙུགས་འབད་མི་ལས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༥༠༠,༠༠༠ དང་༩༠༠,༠༠༠ གི་བར་ན་ བཟོ་ཡོདཔ་མ་ཚད་ ཚོད་བསྲེའི་རིགས་དང་ རྩྭ་ཚུ་ལས་བརྟེན་ འོང་འབབ་དངུལ་ཀྲམ་༥༠,༠༠༠ ལྷགཔ་ཅིག་ བཟོ་ཚུགས་ནུག།
ཚོགས་པ་བསོད་ནམས་ལྷ་མོ་གིས་ སླབ་མིའི་ནང་ འདས་པའི་ལོ་༡༠ གི་ཧེ་མར་ བཟའ་ཚང་ནང་འཁོད་ལུ་ དཀའ་ངལ་འདྲ་མིན་སྣ་ཚོགས་བྱུང་མི་ལུ་བརྟེན་ ཕམ་དང་སྤུན་ཆ་ཚུ་ལུ་ ཞབས་ཏོག་ཞུ་ནི་ཕར་བཞག་ ཨ་ལོ་༢ ཡང་ གསོ་མ་ཚུགས་པའི་ གདོང་ལེན་བྱུང་ཡོདཔ་ཨིན་པས།
ལྷུན་རྩེ་རྫོང་ཁག་ནང་ བྱ་གསོ་སྐྱོང་ཁང་ གཞི་བཙུགས་འབད་ནི་དེ་ འགོ་ཐོག་ཨིན་རུང་ སྒོང་རྡོག་གི་ ཐོན་ཤུགས་རྒྱ་ཆེ་བའི་ཁར་ འོང་འབབ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ དཔེ་ལྟ་སྟེ་ བྱ་གསོ་སྐྱོང་ཁང་ གཞི་བཙུགས་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་ནངས་པར་ ལྷུན་རྩེ་རྫོང་ཁག་ནང་ བྱ་གསོ་སྐྱོང་ཁང་ གྱངས་ཁ་མ་ཆོདཔ་ཅིག་ཡོད་རུང་ སྒོང་རྡོག་གི་ཐོན་སྐྱེད་བཙོང་མ་ཚུགས་པའི་ དཀའ་ངལ་མེདཔ་ཨིན་པས།
ཚོགས་པ་བསོད་ནམས་ལྷ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པ་ བྱ་གསོ་སྐྱོང་ཁང་ནང་ བྱ་ ༤༠༠ ཡོད་མི་ལས་ སྒོང་རྡོག་འབུད་མི་བྱམོ་༢༥༠ ལྷགཔ་ཅིག་ཡོད་ཟེར་ཨིནམ་ད་ གསརཔ་མཁོ་སྒྲུབ་འབད་མི་ བྱ་ཚུ་ སྒོང་རྡོག་འབུད་ནིའི་དུས་ཚོད་ དུམ་གྲ་ཅིག་ཡོད་ཟེར་ཨིན་པས།
ཟླ་རིམ་བཞིན་དུ་ སྒོང་རྡོག་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༡༢༠,༠༠༠ དེ་ཅིག་ བཟོ་ཚུགས་མིའི་ཐོག་ལས་ ཟནམ་གི་དོན་ལུ་ དངུལ་ཀྲམ་༤༠,༠༠༠ ཟད་འགྲོ་བཏང་ཡོད་པའི་ལྷག་ལུས་ དངུལ་ཀྲམ་༥༠,༠༠༠ དེ་ཅིག་གསོག་འཇོག་ནང་ བཞག་དོ་ཟེར་ཨིན་པས།
འོང་འབབ་ཐོབ་མི་དེ་གིས་ ཟླ་རིམ་བཞིན་དུ་ སྐྱིན་ཚབ་དངུལ་ཀྲམ་༣༠,༠༠༠ དེ་ཅིག་ བཏབ་དོ་ཡོདཔ་མ་ཚད་ མོ་རའི་ ལཱ་འབད་མི་ཨམ་སྲུ་ལུ་ དངུལ་ཕོགས་སྤྲོད་པའི་ཁར་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་ལུ་ཡང་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ནོར་གསོ་སྐྱོང་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༢༠,༠༠༠ ལྷགཔ་ཅིག་ བཟོ་དོ་ཡོདཔ་མ་ཚད་ གླ་ཁར་ལེན་མི་ས་ཞིང་ནང་ ཀེ་བ་དང་ སྒོགཔ་ ཨེ་མ་ སྲནམ་ཅུམ་ཚུ་ འཛུགས་སྐྱོང་འབད་དེ་ ལོ་བསྟར་བཞིན་དུ་ འོང་འབབ་བཟོ་དོ་ཡོདཔ་ཨིན་པས།
བསོད་ནམས་ལྷ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོད་བསྲེ་ལྡུམ་རའི་ཐོན་སྐྱེད་དང་ གསོ་སྐྱོང་ཁང་གི་ཐོན་སྐྱེད་ཚུ་ ཉིན་བསྟར་བཞིན་དུ་ རྒེད་འོག་དང་ ཐིམ་ཡུལ་འབྲིང་རིམ་སློབ་གྲྭ་འོག་མ་ ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་ དེ་ལས་ ཁྲོམ་ནང་ བཙོང་ཚུགས་ནི་དེ་གིས་ ལཱ་འབདཝ་ད་ སྟབས་བདེ་བས་ཟེར་ཨིན་པས།
འོང་འབབ་ཀྱི་དོན་ལུ་ ཚོད་བསྲེ་ལྡུམ་ར་དང་ གསོ་སྐྱོང་ཁང་ དེ་ལས་ གཞན་དངུལ་ཐོག་འོང་འབབ་ཀྱི་ ལཱ་འབད་ནིའི་ འཆར་གཞི་དང་ལས་རིམ་ཡོད་རུང་ སྤྱི་འོག་གི་ ཚོགས་པའི་འགན་འཁྲི་འབག་སྟེ་ མི་སེར་ལུ་ ཞབས་ཏོག་ཞུ་སྡོད་པའི་སྐབས་ ཁྱིམ་ནང་ ལཱ་འབད་མི་་མེདཔ་ལས་ ལཱ་ཁག་རྐྱབ་མས་ཟེར་ ཨིན་པས།
སྐྱིད་ལུང་གཡུས་ཚན་ལས་ སྐྱེས་ལོ་༤༢ ལང་མི་ ཟླ་བ་བསོད་ནམས་ཀྱིས་ སླབ་མིའི་ནང་ ཨམ་སྲུ་ཚོགས་པ་གིས་ ཚོགས་པའི་འགན་འཁྲི་འབག་པའི་ཤུལ་ མི་སེར་ཚུ་ལུ་ དོན་མིན་ཅན་སྦེ་ ཕན་ཐོགས་བྱུངམ་མ་ཚད་ ཧེ་མ་ སྐྱོ་དྲགས་སྦེ་སྡོད་མི་ཚུ་ཡང་ ད་རེས་ ཡར་དྲག་སོང་སྟེ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༠ ལང་མི་ སངས་རྒྱས་དབང་མོ་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ཚུན་ མི་སྡེ་འགོ་ཁྲིདཔ་ཚུ་ ཕོ་སྐྱེས་རྐྱངམ་གཅིག་གིས་ འབད་ཡོདཔ་ལས་ ཕོ་མོ་ལུ་ འདྲ་མཉམ་མེད་པའི་དཀའ་ངལ་དེ་ ད་རེས་ འདྲ་མཉམ་གྱི་ཐོག་ལས་ གནས་ཏེ་ཡོད་ཟེར་ཨིན་པས།
དེ་ཡང་ མོ་གིས་འབད་བ་ཅིན་ ཨམ་སྲུ་ཚོགས་པ་གིས་ སོ་ནམ་པ་འབད་རུང་ ཕོ་སྐྱེས་ཚུ་བ་དྲགཔ་སྦེ་ ལཱ་འབད་བའི་ཁར་ གཞུང་དང་མི་སེར་གྱི་བར་ན་ཡང་ ལྕོགས་གྲུབ་དང་ལྡན་པའི་ཐོག་ལས་ ཞབས་ཏོག་ཞུ་མི་ལུ་བརྟེན་ མ་འོངས་ཨམ་སྲུ་ཚུ་གི་དོན་ལུ་ དཔེ་སྟོན་དང་ ལམ་སྟོན་གཞི་བཙུགས་འབད་ཡོདཔ་ལས་ མི་སེར་ཚུ་གིས་ ཨམ་སྲུ་དྲགོས་ཅིག་སྦེ་ བརྩི་འཇོག་འབད་དོ་ཟེར་ སླབ་ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ སོམ་ཤིང་ཚོགས་པ་ བསོད་ནམས་ལྷ་མོ་ལུ་ འགན་ཁུར་ག་ཅི་བཀལ་རུང་ འཐུས་ཤོར་མེད་པར་ སྒྲིང་སྒྲི་སྦེ་ ཕྱག་ཞུ་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།