ཨམ་སྲུ་ཚུ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་ནི་ལུ་གདོང་ལེན།

༉ འབྲུག་པའི་ཨམ་སྲུ་ཚུ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་ནི་ལུ་ གནས་སྟངས་སྐྱོ་དྲགས་སྦེ་ ཡོདཔ་ཨིན་ན?
རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལཝ་ད་ མི་སེར་ག་ར་ལུ་ གོ་སྐབས་འདྲ་མཉམ་འཐོབ་ནིའི་ དབང་ཆ་གནང་ཡོད་མི་ལུ་ གཞི་བཞག་པ་ཅིན་ ཨམ་སྲུ་ཚུ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་ནི་ལུ་ སྟབས་མ་བདེཝ་འདུག་ཟེར་མི་དེ་ལུ་ ང་ར་ ཡིད་ཆེས་བསྐྱེད་མི་ཚུགས་པས་ཟེར་ཞུ་ནི།
དེ་ཡང་ ག་ཆརཔ་ཟེར་བ་ཅིན་ སློབ་གྲྭ་ཚུ་ནང་ འགོ་ཁྲིད་པའི་འགན་ཁུར་དེ་ བུཚ་དང་བུམོ་༢ ཆ་ར་ལུ་ གོ་སྐབས་འདྲ་མཉམ་བྱིན་ཏེ་ཡོད་ཟེར་ཞུ་ནི།
རྒྱལ་ཁབ་ཀྱི་ ས་ཆའི་གནས་སྟངས་ལུ་གཞི་བཞག་སྟེ་ ཕོ་མོའི་བར་ན་ སྦུང་སྒུལ་གྱི་ཁྱད་པར་ འབྱུང་ནི་ཨིན་པའི་ཁར་ ཨམ་སྲུ་འདེམས་ངོ་ ལ་ལོ་ཅིག་ ཁོང་རའི་འདེམས་ཁོངས་ནང་ ལམ་ཐག་རིང་བའི་སྟབས་ཀྱིས་ ལྷོད་མ་ཚུགས་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་རུང་ རྒྱལ་ཁབ་གོང་འཕེལ་འགྱོ་མི་དང་ མཐའ་ཟུར་གྱི་ས་གནས་ཚུ་ནང་ འཁོར་ལམ་གྱི་མཐུད་སྦྲེལ་ཡོདཔ་ལས་ སྟབས་མ་བདེཝ་མི་འཐོན་ཟེར་ཞུ་ནི།
སྲིད་དོན་ནང་ ཨམ་སྲུའི་ངོ་ཚབ་ ཉུང་སུ་ཅིག་ལས་ མེད་མི་དེ་ཡང་ ཨམ་སྲུའི་སྐོར་ལས་ ཧ་གོ་ནི་ལུ་ མགུ་རྙོགས་དྲགས་ ཡོདཔ་བཟུམ་ཅིག་ འདུག་ཟེར་ཞུ་ནི།
མི་སྡེ་ག་ཏེ་ལུ་ཡང་ ཕྱོགས་རིས་ཡོདཔ་ད་ དཔེ་འབད་བ་ཅིན་ ཐགས་འཐག་ནི་དང་ བཞེས་སྒོ་འབད་ནི་དེ་ ཨམ་སྲུའི་ལཱ་འགན་ཨིནམ་སྦེ་ ཆ་བཞགཔ་ཨིན་རུང་ ད་རེས་ནངས་པ་ ལཱ་དེ་ཚུ་ ཕོ་སྐྱེས་ཚུ་གིས་ཡང་ འབད་བཞིན་དུ་ཡོད་ཟེར་ཞུ་ནི།
ང་གིས་འབད་བ་ཅིན་ སྲིད་དོན་ནང་ བཅའ་མར་གཏོགས་ནི་རྐྱངམ་གཅིག་ནང་མེན་པར་ ལཱ་འགན་གཞན་ ག་ཅི་འབད་རུང་ གདོང་ལེན་འབྱུང་ནི་ཨིནམ་ལས་ གཞན་གྱིས་སླབ་མི་ བློ་ཚུ་ལུ་ ཆ་བཞག་ནི་མི་འོང་ཟེར་ཞུ་ནི།
སྤྱི་ལོ་༢༠༡༡ ལུ་ ས་གནས་གཞུང་གི་ བཙག་འཐུ་ནང་ རྒཔོ་གི་དོན་ལུ་ ཨམ་སྲུ་༢༡ གིས་ དོ་འགྲན་འབད་ཡོདཔ་བཞིན་དུ་ ད་རེས་འབདཝ་ད་ ཁྲོམ་སྡེ་ངོ་ཚབ་༣ དང་ ཁྲོམ་སྡེ་ཚོགས་པ་༩ རྒཔོ་༢ དང་དམངས་མི་༢༤ དེ་ལས་ ས་གནས་གཞུང་གི་ཚོགས་པ་༡༣༦ ཨམ་སྲུ་ཨིན་མས་ཟེར་ཞུ་ནི།
དེ་བཟུམ་སྦེ་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་འགོ་བཙུགས་སྟེ་ སྤྱི་ཚོགས་ཀྱི་བཙག་འཐུ་ འགོ་དང་པའི་ནང་ ཨམ་སྲུ་འདེམས་ངོ་༨ བཙག་འཐུ་འབད་ཡོདཔ་ད་ ཨམ་སྲུ་འཐུས་མིའི་གྱངས་ཁ་ ཡར་སེང་མར་འབབ་འགྱོ་རུང་ འབྲུག་ཨམ་སྲུའི་དབང་ཆ་ཡར་སྐྱེད་དང་གཅིག་བསྒྲིལ་ལས་སྡེ་དང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་༢ ཀྱིས་ ཨམ་སྲུ་ཚུ་ལུ་ སྲིད་ནང་བཅའ་མར་གཏོགས་ནིའི་ གོ་བརྡ་སྤྲེལ་ནི་ལུ་ བརྩོན་ཤུགས་བསྐྱེད་མི་དེ་གིས་ སེམས་ཤུགས་བསྐྱེད་བཅུག་སྟེ་ཡོད་ཟེར་ཞུ་ནི།
རྒྱལ་ཁབ་ནང་ ཨམ་སྲུ་ཚུ་གིས་ དཔེ་བལྟ་ས་ ཉུང་སུ་ཅིག་ལས་བརྒལ་ མིན་འདུག་ཟེར་མི་དེ་ལུ་ ཡིད་ཆེས་བསྐྱེད་མ་ཚུགས་མི་དེ་ཡང་ ཧེ་མ་ མོང་སྒར་ལས་ ཨམ་སྲུ་སྤྱི་མི་ཅིག་ཐོན་ཡོདཔ་ད་ དེ་བཟུམ་སྦེ་ དངུལ་རྩིས་དང་ ཤེས་རིག་ ཕྱི་འབྲེལ་ལྷན་ཁག་ཚུ་ནང་ཡང་ ཨམ་སྲུ་ཚུ་གིས་ དྲུང་ཆེན་འབད་ཡོདཔ་ལས་ མནོ་བསམ་གཏང་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *