༉ ཁས་བླངས་པ་སྡེ་ཚན་ཅིག་གི་ ཨམ་སྲུ་ཚུ་གི་དོན་ལུ་ ཁྱོད་རའི་མི་ཚེ་ དུས་ཡུན་ཆུ་ཚོད་༥༤ ནང་ བསྒྱུར་བཅོས་ཟེར་བའི་ བརྗོད་དོན་ལུ་ ཚོང་ལཱ་འགོ་བཙུགས་ནིའི་ སྦྱང་བ་བྱིན་ནིའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།
ཚོང་ལཱ་འགོ་བཙུགས་ཀྱི་ལས་རིམ་དེ་ ཨམ་སྲུ་ལུ་ དམིགས་གཏད་བསྐྱེད་དེ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ ལས་རིམ་དེ་ནང་ ཨམ་སྲུ་༡༨ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་ ཨའི་ཧབ་ནང་ལས་ ཁས་བླངས་པ་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ལས་རིམ་ཐེངས་༨ པ་ དེ་ འགོ་དང་པ་ ཨམ་སྲུ་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ འགོ་འདྲེན་འཐབ་དོ་ཟེར་ཨིནམ་ད་ བཅའ་མར་གཏོགས་མིའི་གྱངས་ཁ་ ལེ་ཤ་མེད་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཨམ་སྲུ་ཚུ་ལུ་ གནས་སྐབས་ལེགས་ཤོམ་ཡོད་རུང་ གདོང་ཁར་འཐོན་མ་ཚུགས་པའི་ གདོང་ལེན་བྱུང་དོ་ཡོདཔ་ད་ ལ་ལོ་ཅིག་ ཁོང་ར་ལུ་ཡོད་པའི་ གནས་སྐབས་ལེགས་ཤོམ་དེ་ མི་གཞན་བརྒྱུད་དེ་ གསལ་སྟོན་འབད་བཅུགཔ་མས་ཟེར་ཨིན་པས།
དེ་འབདཝ་ལས་ ད་རེས་ ལས་རིམ་དེ་གི་ ཨམ་སྲུ་ཚུ་གི་རྒྱུད་ལུ་ བློ་སྟོབས་དང་སེམས་ཤུགས་བསྐྱེད་བཅུག་ནིའི་ ཐབས་ལམ་དང་ ཚོང་ལཱ་དེ་ ལཱ་གཡོག་གི་གོ་སྐབས་ བཟོ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཨམ་སྲུ་ལ་ལོ་ཅིག་ རང་གི་མི་ཚེ་ནང་ རྨགཔ་དང་ཁ་བྱལ་སོང་བའི་བསྒང་ལས་ ལཱ་མེད་པར་ ཐོན་ཁུངས་མེདཔ་ལས་ དཀའ་ངལ་བྱུང་མི་ཡོདཔ་ལས་ དེ་ཚུའི་དོན་ལུ་ཡང་ རང་གིས་རང་ལངམ་བཟོ་ནིའི་ གནས་སྐབས་བཏོན་ནི་དང་ དེ་ལས་ ཚོང་ལཱ་འགོ་བཙུགས་ཀྱི་དོན་ལུ་ མ་རྩ་འཚོལ་ནིའི་གནས་སྐབས་ བཏོན་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སྡེ་ཆུང་ཀུ་ཅིག་གི་ ཁས་བླངས་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ མ་དངུལ་གྱི་ དཀལ་ངལ་བྱུང་དོ་ཡོདཔ་ཨིན་རུང་ ཁོང་གིས་ དམིགས་བསལ་དུ་ ཨམ་སྲུ་ཚུ་གི་དོན་ལུ་ ལས་རིམ་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནིའི་ རེ་བ་ཡོད་ཟེར་ཨིན་པས།
འགོ་འདྲེན་པའི་ཁ་ཐུག་ལས་ ཨམ་སྲུ་ཚུ་ ངོ་ཚ་མ་སྡོད་པར་ གདོང་ཁར་འཐོན་དགོ་ཟེར་ཨིནམ་མ་ཚད་ ད་རུང་ མ་རྩ་ཉུང་སུ་དང་ ཁེ་སང་ལེགས་ཤོམ་བཟོ་ཚུགས་པའི་ ཚོང་ལཱ་འགོ་བཙུགས་ནིའི་ གྲ་སྒྲིག་འབད་དགོ་ཟེར་ཨིན་པས།
ཁ་ཙ་ བཅའ་མར་གཏོགས་མི་ཚུ་གིས་ ཉིན་གྲངས་༣ གྱི་རིང་ ག་ཅི་ལྷབ་སྦྱང་འབད་ཡོདཔ་ཨིན་ན་ དཔེ་ཅིག་ དྲང་དཔོན་ཚུ་ལུ་ གསལ་སྟོན་འབད་ཐོག་ ལས་རིམ་དེ་ མཇུག་བསྡུ་ཡོད་པའི་གནས་ཚུལ།
ཉིམ་རྡོ་རྗེ།