༉ དཀའ་སྡུག་ཅན་གྱི་ གནས་སྟངས་སོ་སོར་ནང་ཡོད་མི་ ཨམ་སྲུ་དང་ ཨ་ལོ་ཚུ་ ཉེན་སྲུང་འབད་ཐབས་ལུ་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱིས་ གནས་ཚད་ཅན་གྱི་ ལག་ལེན་ཐབས་བྱུས་ཅིག་ བཟོ་ཡོདཔ་ཨིན་པས།
དེ་གི་དོན་ལུ་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ བཀྲིས་སྒང་ལུ་སྦེ་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་མིའི་ནང་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ མོང་སྒར་ བསམ་གྲུབ་ལྗོངས་མཁར་ ལྷུན་རྩེ་ པདྨ་དགའ་ཚལ་ དེ་ལས་ བུམ་ཐང་རྫོང་ཁག་ཚུ་ནང་ལས་ བསླབ་སྟོན་པ་༣༧ གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ལས་རིམ་དེ་གི་སྐབས་ལུ་ བཅའ་མར་གཏོགས་མི་ བཀྲིས་གཡང་རྩེ་སྦས་གླིང་སློབ་གྲྭ་ལྟེ་བའི་ བསླབ་སྟོན་པ་ ཉི་མ་ཚེ་རིང་གིས་ ཨམ་སྲུ་དང་ཨ་ལོ་ཚུ་དང་འབྲེལ་བའི་ རྩོད་གཞི་ཚུ་ཐོནམ་ད་ སྙན་ཞུ་འབད་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ བཤད་ཡོདཔ་ད་ ལས་རིམ་དེ་གིས་ འབྲེལ་ཡོད་ཡིག་ཚང་ཚུ་ག་ར་ གཅིག་ཁར་འཛོམས་ཚུགས་ནི་དེ་གིས་ དཀའ་ངལ་དེ་ སེལ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ལག་ལེན་ཐབས་བྱུས་དེ་ ད་ལྟོ་ ཡོངས་འབྲེལ་ཐོག་ལས་ དར་ཁྱབ་འབད་དེ་མེད་རུང་ རྩོད་གཞི་ཚུ་ཐོནམ་ད་ གཅིག་མཚུངས་ཐོག་ལས་ སྙན་ཞུ་འབད་ནིའི་ལམ་ལུགས་ བཟོ་སྟེ་ཡོད་ཟེར་ ལྷན་ཚོགས་ཀྱི་ ཁྲིམས་དོན་འགོ་དཔོན་ ཨོ་རྒྱན་མཚོ་མོ་གིས་ བཤད་ཡོདཔ་ཨིན་པས།
ཐབས་བྱུས་དེ་ནང་ འབྲེལ་བ་ཡོད་པའི་ དབང་འཛིན་ཚུ་གི་ འགན་ཁུར་ཚུ་ག་ར་ ཚུད་དེ་ཡོདཔ་ད་ དེ་ནང་ རྩོད་གཞི་ནང་ཚུད་མི་ཚུ་གི་ མཐའ་དོན་བལྟ་དགོ་མི་དང་ གཞན་ཡང་ འོས་འབབ་ཅན་གྱི་ གནས་སྟངས་ཐོག་ལས་ འབྲེལ་བ་འཐབ་ཐངས་ཚུ་ ཚུད་དེ་ཡོདཔ་ཨིན་པས།
ཨམ་སྲུ་དང་ཨ་ལོ་དང་འབྲེལ་བའི་ གནད་དོན་ཐོནམ་ད་ འབྲེལ་བ་ཡོད་པའི་ ཡིག་ཚང་དང་དབང་འཛིན་ཡང་ ལེ་ཤ་དང་གཅིག་ཁར་ འབྲེལ་བ་འཐབ་དགོཔ་ཐོན་དོ་ཡོདཔ་ད་ ད་རེས་ཀྱི་ ལས་རིམ་དེ་ཡང་ འབྲེལ་ཡོད་དབང་འཛིན་ཚུ་གི་བར་ན་ མཉམ་འབྲེལ་བཟོ་ནིའི་དོན་ལུ་ཨིན་ཟེར་ ཨོ་རྒྱན་མཚོ་མོ་གིས་བཤདཔ་ཨིན་པས།
ཉི་མ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ བསླབ་སྟོན་པ་ཚུ་གི་དོན་ལུ་ ལམ་ལུགས་ཀྱི་ ལམ་སྟོན་ཅིག་ཡོད་རུང་ ཨམ་སྲུ་དང་ཨ་ལོ་ཚུ་ཚུད་དེ་ཡོད་པའི་ གནད་དོན་ཚུ་ཐོནམ་ད་ སྙན་ཞུ་ཚུ་ དྭངས་གསལ་ཐོག་ལས་ འབད་དེ་མིན་འདུག་ཟེར་ཨིནམ་ད་ བསླབ་སྟོན་པ་མང་ཤོས་ཀྱིས་ ག་ཏེ་ལུ་ སྙན་ཞུ་འབད་དགོཔ་ཨིན་ན་ མ་ཤེས་པའི་ དཀའ་ངལ་བྱུང་ནུག་ཟེར་ཨིན་པས།
ཨིན་རུང་ མོ་གིས་སླབ་མིའི་ནང་ ད་རེས་ཀྱི་ ཐབས་བྱུས་ལས་རིམ་དེ་ནང་ ག་ཏེ་ལུ་ ག་དེ་སྦེ་ སྙན་ཞུ་འབད་དགོཔ་ཨིན་ན་ཚུ་ ཚུད་དེ་ཡོད་ཟེར་ཨིནམ་ད་ མོ་གིས་ ཨ་ལོ་དང་ཨམ་སྲུ་དང་འབྲེལ་བ་ཡོད་པའི་ གནད་དོན་ཚུ་ནང་ ལྷན་ཚོགས་ཀྱིས་ ངོ་ཚབ་འབད་དགོཔ་ལས་ མི་ཚུ་ལུ་ གོ་བ་བཤད་བྱིན་ནི་དེ་ གལ་ཆེ་བས་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ སློབ་གྲྭ་ཁག་གི་ བསླབ་སྟོན་པ་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ལས་རིམ་འགོ་འདྲེན་འཐབ་མི་དེ་ འགོ་དང་པ་ཨིནམ་ད་ ཐབས་བྱུས་ལས་རིམ་དེ་ཡང་ གསོ་བ་དང་ ཤེས་རིག་ དེ་ལས་ ལས་གཡོག་ལྷན་ཁག་དང་ ཁྲིམས་སྲུང་འགག་སྡེ་ ཁྲིམས་འདུན་ བརྡ་བརྒྱུད་དང་ གཞན་ཡང་ གཞུང་མིན་ལས་ཚོགས་ཚུ་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ བཟོ་ཡོདཔ་ཨིན་པས།
ཐབས་བྱུས་དེ་ཡང་ ཨ་ལོའི་ཉེན་སྲུང་བཅའ་ཁྲིམས་༢༠༡༡ ཅན་མ་དང་ རྩུབ་སྤྱོད་བཅའ་ཁྲིམས་༢༠༡༣ ཅན་མའི་ནང་ ཚུད་ཡོད་མི་ གནད་དོན་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ བཟོ་ཡོདཔ་བཞིན་དུ་ དུས་ཅི་ལས་ འགོ་བཙུགས་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

བློན་པོ་རྡོ་རྗེ་ཆོས་སྒྲོན་གྱིས་ གོ་བརྡའི་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་བསྒང་།