༉ མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་ ཡུ་ད་རི་གཡུས་ཚན་ནང་ སྐྱེས་ལོ་༤༠ ལང་མི་ཨམ་སྲུ་ཅིག་ ཕྱི་རུ་ཁམས་ཅིག་ཁར་ ནོར་བཞག་སའི་ སྦ་སྒོར་ནང་ གློག་མེ་བཏེགས་པའི་སྐབས་ ལགཔ་གློག་ཐག་གུ་རེག་སྟེ་ ཁ་འཐུམ་མར་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༩ པའི་ཚེས་༨ ཀྱི་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༧ ལུ་ ཚེ་འདས་ཨམ་སྲུ་དང་ ཚེ་འདས་ཀྱི་ཨའི་༢ ནོར་ཁྱིམ་ནང་སོང་སྟེ་ རྩྭ་དང་ ཤིང་གི་འདབ་མ་ཚུ་ ལུད་བཟོ་ནིའི་དོན་ལུ་ བླུག་ནི་འབདཝ་ད་ ནམ་བསྲོ་ཡོདཔ་ལས་ གློག་ཐག་སྤྲིངས་མི་གུ་ལས་ མེ་བཏེག་རུང་ མེ་འབར་མ་བཏུབ་ལས་ ཨམ་སྲུ་དེ་གིས་ གློག་ཐག་བཟུང་པའི་སྐབས་ རྐྱེན་ངན་བྱུང་ནུག།
ཚེ་འདས་ཀྱི་རྨགཔ་ སྐྱེས་ལོ་༥༠ ལང་མི་ བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་རའི་གནས་ཚང་ལུ་ རྐྱེན་ངན་བྱུང་བའི་སྐབས་ ཆ་རོགས་འབད་མི་ ཨང་རྒས་ཁོང་༢ ལས་བརྒལ་མེད་ཟེར་ཨིནམ་ད་ དེ་བསྒང་ ཁོ་ར་ ཕུན་ཚོགས་གླིང་ཁྲོམ་ནང་ ལཱ་ཐོན་ཏེ་ འགྱོ་བའི་བསྒང་སྡོད་ཅི་ཟེར་ ཨིན་པས།
བཀྲིས་རྡོ་རྗེ་དང་འཁྲིལ་བ་ཅིན་ ཚེ་འདས་ཀྱི་ལགཔ་དེ་ གློག་རྒྱུན་གུ་བཤེད་དེ་ ཁུ་སིམ་སི་སྦེ་སྡོད་སར་ ཨང་རྒས་ཀྱིས་མཐོང་བའི་ཤུལ་ལས་ ཨང་རྒས་ཀྱིས་དཀྲོགསཔ་ད་ ས་ཁར་བརྒྱལ་ཡོད་རུང་ ཨང་རྒས་གུ་ ག་ནི་ཡང་ མ་འབད་བར་ དྲག་ནུག་ཟེར་ཨིན་པས།
རྒྱལ་པོའི་ཞིང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བྱུང་རྐྱེན་དེ་གི་སྐོར་ལས་ སྙན་ཞུ་ལྷོད་པའི་ཤུལ་ལུ་ ཞིབ་དཔྱད་འབདཝ་ད་ ལགཔ་གློག་རྒྱུན་གུ་རེག་སྟེ་ ཤི་རྐྱེན་བྱུང་ཡོདཔ་ ངེས་བདེན་ཨིན་མས་ཟེར་ཨིན་པས།
རྫོང་ཁག་སྐྱིད་སྡུག་ཡིག་ཚང་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སེམས་གསོ་གསོལ་རས་ དངུལ་ཀྲམ་༡༠,༠༠༠ ཉམས་རྒུད་པའི་བཟའ་ཚང་ལུ་ གནང་ནུག།
ཚེ་འདས་ཨམ་སྲུ་དེ་ལུ་ བུ་༤ ཡོད་མི་ལས་ སྦོམ་ཤོས་༢ སྒང་སྟེང་དགོན་པའི་བཤད་གྲྭ་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ད་ གཞན་ཆུང་ཤོས་༢ ལས་༡ དེད་གཡོགཔ་དང་ གྲོང་ཆོསཔ་སྦེ་ གཡུས་ཁར་སྡོད་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ གློག་ཐག་དང་ གློག་མེའི་སྐོར་ལས་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་ཤེས་མི་ཚུ་གིས་ ཉེ་འདབས་ལུ་ཡོད་པའི་ འབྲུག་གློག་མེ་ལས་འཛིན་གྱི་ ལས་བྱེདཔ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་དགོཔ་ ཨིན་པའི་གནས་ཚུལ།
སྐྱེངས་མཁར་ལས་ བཀྲིས་ཕུན་ཚོགས།