ཨམ་སྲུ་ཅིག་ལུ་ ཁྲིམས་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ།

༉ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༡༦ ལུ་ རྩི་རང་མནྜལ་སྒང་ལུ་ སྐྱེས་ལོ་༣༤ ལང་མི་ ཨམ་སྲུ་ཅིག་གིས་ མོ་རའི་རྨགཔ་གི་རྐངམ་གཡསཔ་གུ་ གྱི་གསོབ་སྟེ་ ཤི་རྐྱེན་བྱུང་ཡོདཔ་ལས་ རྩི་རང་རྫོང་ཁག་ཁྲིམས་འདུན་གྱིས་ ཨམ་སྲུ་དེ་ལུ་ ཁྲིམས་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།

དེ་ཡང་ ཉེས་འཛུགས་ཅན་ ཨམ་སྲུ་དེ་ལུ་ རྟོགས་མེད་གདོང་ཐུག་གི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

རྐྱེན་ངན་དེ་ སྤྱི་ལོ་༢༠༡༦ ཟླ་༡༡ པའི་ཚེས་༡༦ ལུ་ ཉེས་འཛུགས་ཅན་ ལྷ་འཛོམས་དང་ ཚེ་འདས་རྨགཔ་༢ ཁ་འཐབ་ཚིག་འཐབ་འབད་བའི་ཤུལ་ལུ་ ཉེས་འཛུགས་ཅན་གྱིས་ ཚེ་འདས་ཀྱི་ བརླད་དོ་གཡསཔ་གུ་ གྱི་གསོབ་བྱིན་ནི་དེ་གིས་ ཁྲག་ལེ་ཤ་ཐོན་ཏེ་ ཤི་རྐྱེན་བྱུང་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༤༢ ལས་ འགལ་ཡོདཔ་ལས་ མོ་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།

ཁོང་གཉིས་ཀྱི་བར་ནའི་ ཁ་ཤགས་དེ་ གཙོ་བོ་ར་ ཚེ་འདས་ཀྱིས་ ཨམ་ཅུམ་འཚོལ་ཏེ་ རྩོད་ཟླ་ལུ་ སྡུག་རྩུབ་འབད་བའི་གནད་ལས་ རྩོད་རྙོགས་དེ་ རྫོང་ཁག་ཁྲིམས་འདུན་ནང་ ཕྱེ་བའི་ཤུལ་ལུ་ ཚེ་འདས་དང་ ཁོ་གི་ཨམ་ཅུམ་དང་མཉམ་ ཁ་སླབ་མིག་ལྟ་མེད་པའི་ ཁས་ལེན་འབད་དེ་ སྤྱི་ལོ་༢༠༡༦ ཟླ་༩ པའི་ནང་ འཁྲུན་ཆོད་བཏོན་ཏེ་ ཁོང་ར་གཉིས་ཀྱི་བར་ན་ བདེ་སྒྲིག་འབད་ཡོདཔ་ཨིན་པས།

ཨིན་རུང་ དེ་ཚེ་ཕྱི་རུ་ ཉེས་འཛུགས་ཅན་ ཨམ་སྲུ་དེ་གིས་ མོ་རའི་ ཚེ་འདས་རྨགཔ་ལུ་ ཨམ་ཅུམ་དང་གཅིག་ཁར་ འབྲེལ་བ་ཡོད་མེད་ཀྱི་སྐོར་ལས་ ལོ་རྒྱུས་ཐོནམ་ད་ ཁོ་གིས་ མོ་གི་གདོང་གུ་ ལྟོ་གཏོར་བྱིན་ནི་ཨིན་ཟེར་ སླབ་པའི་ཤུལ་ལུ་ བཟའ་ཚང་བར་ན་ འཐབ་འཛིང་འབྱུང་ནི་མས་མནོ་སྟེ་ ཉེས་འཛུགས་ཅན་གྱིས་ ཉལ་ཁང་ནང་ སོང་སྟེ་སྡོད་རུང་ ཁོ་གིས་ ཧད་བཏགས་འཚོལ་ཏེ་ མཛོག་བླུགས་བྱིན་ཡོདཔ་མ་ཚད་ རྡོག་ཐལ་གྱིས་ དྲངས་ཞིནམ་ལས་ ཚེ་འདས་ཀྱིས་ མོ་བསད་ནི་ཟེར་ འཇིགས་སྐྲག་སྟོན་པའི་ཤུལ་ལུ་ མོ་རའི་སྲོག་སྐྱབས་ཀྱི་དོན་ལུ་ ཚེ་འདས་ཀྱི་ རྐངམ་གཡསཔ་གུ་ གྱི་གསོབ་བྱིན་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ཨིན་པས།

འཁྲུན་ཆོད་དང་འཁྲིལཝ་ད་ ཚེ་འདས་ཀྱི་ རྐངམ་གུ་ལས་ ཁྲག་ལེ་ཤ་འཛགས་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་ ངེས་བདེན་ཨིནམ་ལས་ ཉེས་འཛུགས་ཅན་ ཨམ་སྲུ་དེ་ བཙོན་ཁྲིམས་སྨིན་དགོ་ཟེར་ཨིན་པས།

རྐྱེན་ངན་བྱུང་བའི་སྐོར་ལས་ སྐྱེས་ལོ་༣༥ ལང་མི་ ཚེ་འདས་ཕོ་སྐྱེས་དེ་གི་ ཕོ་རྒནམ་གིས་ ཁྲིམས་སྲུང་འགག་པའི་ གློ་བུར་གྱི་ བརྒྱུན་འཕྲིན་ཨང་༡༡༣ ནང་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།

ཁོང་བཟའ་ཚང་གཉིས་ལུ་ སྐྱེས་ལོ་༡༤ ལང་མི་ བུ་གཅིག་དང་ སྐྱེས་ལོ་༦ ལང་མི་ བུམོ་གཅིག་ཡོདཔ་ཨིན་པས།

མནྜལ་སྒང་གི་ རྒཔོ་ཡེ་ཤེས་ཀྱིས་ འདས་པའི་དྲི་བ་དྲིས་ལན་སྐབས་ བཤད་མི་དང་འཁྲིལཝ་ད་ ཁོང་བཟའ་ཚང་གཉིས་ རྨགཔ་གིས་ ཨམ་ཅུམ་འཚོལ་ཏེ་ སྟབས་མ་བདེཝ་ཐོན་ཡོདཔ་ལས་ སེལ་ཐབས་ཀྱི་དོན་ལུ་ རྒེད་འོག་ཡིག་ཚང་ནང་ཡང་ འོང་དེས་ཟེར་ཨིན་པས།

ཨིན་རུང་ རྒེད་འོག་ནང་འོང་པའི་སྐབས་ ཁོང་གཉིས་ལུ་ གཉེན་ཐམ་མེདཔ་ལས་ རྒེད་འོག་གིས་ ནང་འགྲིག་འབད་བྱིན་ནིའི་ དབང་ཚད་མེདཔ་ལས་ གནད་དོན་དེ་ རྫོང་ཁག་ཁྲིམས་འདུན་ལུ་ བཏང་ཡི་ཟེར་ཨིན་པས།

ཁྲིམས་ཁང་ནང་ བཏང་བའི་ཤུལ་ལུ་ ཁོང་བཟའ་ཚང་གཉིས་ཀྱི་བར་ན་ ནང་འགྲིག་རྐྱབ་སྟེ་ འོང་ཡི་ཟེར་ སླབ་དེས་ཟེར་ཨིན་པས།

ས་གནས་ཀྱི་ ཁྱིམ་ཚང་ཚུ་གིས་འབད་རུང་ རྨགཔ་དེ་གིས་ ཨམ་ཅུམ་འཚོལ་ཏེ་ ཁོང་གཉིས་ཀྱི་བར་ན་ སྟབས་མ་བདེཝ་མང་རབས་ཅིག་ ཐོན་སར་མཐོང་ཅི་ཟེར་ཨིན་པས།

ཁོང་གཉིས་ཆ་ར་ རྩི་རང་ལུ་ གཞིས་གསར་ཨིནམ་ད་ དར་དཀར་ནང་ལས་ཨིན་མི་ ཚེ་འདས་ཕོ་སྐྱེས་དེ་ སྤྱི་ལོ་༡༩༩༧ ལུ་ གཞིས་གསར་ནང་འོང་པའི་ཤུལ་ལས་ ཁོང་གཉིས་གཉེན་རྐྱབ་སྟེ་ ལོ་༡༥ ལྷགཔ་ཅིག་ ལང་ཡོདཔ་ཨིན་པས།

ཉེས་འཛུགས་ཅན་གྱིས་ རྫོང་ཁག་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་དེ་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ ཉིན་གྲངས་༡༠ གྱི་ ནང་འཁོད་ལུ་ མཐོ་གཏུགས་འབད་ཆོགཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *