༉ མོང་སྒར་རྫོང་ཁག་ལས་ ཨམ་སྲུ་ཅིག་གིས་ རྩི་རང་གི་ ཁྲིམས་སྲུང་འགག་སྡེ་པ་ལུ་ལུ་ སྐུར་འདེབས་དང་ ཨམ་སྲུ་ཅིག་གིས་ མོ་ལུ་ ཏི་རུ་ཨར་རྐུན་འབད་བའི་ ཁ་ཉེས་བཀལ་ཡོད་པའི་ བཤེར་ཡིག་ཅིག་ དགེ་ལེགས་ཕུག་དྲུང་ཁག་ ཁྲིམས་འདུན་ལུ་ བཙུགས་ཡོདཔ་ཨིན་པས།
སྐྱེས་ལོ་༣༢ ལང་མི་ རྩོད་རྩ་ཨམ་སྲུ་དེ་གིས་ ཁྲིམས་འདུན་ལུ་ཕུལ་མི་ བཤེར་ཡིག་ནང་ ཁྲིམས་སྲུང་འགག་པ་གིས་ དབྱེ་ཞིབ་ག་ནི་ཡང་མེད་པར་ མོ་ འཛིན་བཟུང་འབད་ཡི་ཟེར་ཨིནམ་ད་ མོ་གིས་ གསར་སྤང་བསམ་གཏན་་གླིང་ལས་ཨིན་མི་ ཨམ་སྲུ་ཅིག་ལུ་ཡང་ སྐུར་འདེབས་ཀྱི་ ཁ་ཉེས་བཀལ་ནུག།
བྱུང་རྐྱེན་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ཉམས་རྒུདཔ་ཨམ་སྲུ་དེ་ ཨ་ལོ་༢ དང་གཅིག་ཁར་ ཐིམ་ཕུག་ལས་ གསར་སྤང་ལུ་ འོང་པའི་སྐབས་ བྱུང་ཡོདཔ་བཞིན་དུ་ མོ་ར་ འཛུལ་འོང་མི་ འགྲུལ་སྐྱེལ་བཱསི་དེ་ རྩི་རང་ལུ་ལྷོདཔ་ད་ འགྲུལ་པ་ཨམ་སྲུ་ཅིག་གིས་ མོ་རའི་དངུལ་ བྱང་སྟོར་ཤོར་ཡོད་པའི་སྐོར་ལས་ མོ་ལུ་ དྲི་དཔྱད་ག་ནི་ཡང་མེད་པར་ རྣམ་རྟོག་ལང་སི་སི་སྦེ་ ཁ་ཉེས་བཀལ་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མོ་ར་ བཱསི་གི་གདོང་ཁྲི་གུ་ སྡོད་ཡོདཔ་ད་ མོ་ལུ་ ཨར་རྐུན་གྱི་ ཁ་ཉེས་བཀལ་མི་ ཨམ་སྲུ་དེ་ སྡོད་ཁྲི་དག་པ་ཅིག་གི་རྒྱབ་ཁར་ སྡོད་ཡོདཔ་ལས་ ལམ་འགྲུལཔ་ལེ་ཤ་ཡོད་མིའི་སྦུག་ལས་ མོ་ལུ་ འཛུམ་དཔག་སྟེ་ ཁ་ཉེས་བཀལ་ཡི་ཟེར་ཨིན་པས།
ང་རའི་ཨ་ལོ་བུ་ སྐྱེས་ལོ་༧ དང་༩ འབད་མི་༢ སྣུམ་འཁོར་བཱིས་ནང་བཞག་སྟེ་ ཁྲིམས་སྲུང་འགག་པ་གིས་ མོ་ འཛིན་བཟུང་ཐོག་ འགག་སྡེ་ལྟེ་བ་ནང་ དྲི་དཔྱད་འབད་བར་ ཁྱིད་ཡོདཔ་མ་ཚད་ མོ་རའི་ལག་བེག་དབྱེ་ཞིབ་འབད་བའི་ཁར་ གཟུགས་ཁར་གྱོན་པའི་ གོ་ལ་བཤུབ་སྟེ་ ཞིབ་དཔྱད་འབད་དེ་ ཆུ་ཚོད་༡ དེ་ཅིག་ བཞག་ཅི་ཟེར་ རྩོད་རྩའི་བཤེར་ཡིག་ནང་ བཀོད་ནུག།
མོ་གིས་འབད་བ་ཅིན་ གོ་ལ་བཤུབ་ཡོད་མི་ལུ་བརྟེན་ ངོ་ཚ་བའི་ཤུགས་ཀྱིས་ མོ་གི་ཨ་ལོ་༢ སྣུམ་འཁོར་ནང་ ག་དེ་སྦེ་ཡོད་ག་དང་ སྣུམ་འཁོར་ནང་ ག་དེ་སྦེ་ འཛུལ་ཏེ་འོང་ཡོདཔ་ཨིན་ན་ དྲན་ཤེས་མེདཔ་ ཡར་སོཔ་ལས་ ས་གནས་དཱ་ར་ཆུ་ལུ་ལྷོདཔ་ད་རྐྱངམ་གཅིག་ དྲན་པ་འོང་ཡི་ཟེར་ཨིན་པས།
ཞིབ་དཔྱད་འབད་བའི་སྐབས་ མོ་རའི་ཧེམ་ཅུང་ནང་ ཡོད་རུང་མེད་རུང་ དངུལ་ཀྲམ་༢༥༠ ལས་བརྒལ་མེད་ཟེར་ཨིནམ་ད་ དེ་བསྒང་ མོ་གིས་ ཏི་རུ་མངམ་འབག་སྟེ་ ཡོད་པ་ཅིན་ མོ་ལུ་ ཉེས་འཛུགས་བཀལ་བཀལཝ་འོང་ཟེར་ བཤེར་ཡིག་ནང་བཀོད་ནུག།
ཁྲིམས་སྲུང་འགག་པ་གིས་འབད་རུང་ མིག་མཐོང་ལག་བཟུང་ མེད་པ་ཅིན་ ཁ་ཉེས་དང་ འཛིན་བཟུང་འབད་མི་ཆོག་ཟེར་ མོ་གིས་ བཀོདཔ་མ་ཚད་ གནད་དོན་དེ་ བྱུང་པའི་ཤུལ་ལས་ དེ་གི་ནངས་པར་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབདཝ་ད་ ཁྲིམས་ཀྱི་འདུན་སར་ ཞུ་དགོཔ་སྦེ་ སླབ་དེས་ཟེར་ བཤདཔ་ཨིན་པས།
དྲུང་ཁག་ཁྲིམས་འདུན་གྱིས་ ད་རིས་ སྣ་ཚོགས་སྙན་གསན་མཛད་ནི་གི་ ལས་འཆར་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།