ཨམ་སྲུ་༣ གྱིས་ ཁས་བླངས་ཐོག་ལས་ སློབ་ཕྲུག་ཚུ་ལུ་ དཔེ་ཆ་སྟོན་པའི་བསྒང་།

ཨམ་སྲུ་༣ གྱིས་ ཁས་བླངས་ཐོག་ལས་ དཔེ་ཆ་སྟོན་ནི་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ།

དུས་ཅི་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ནང་སྦེ་ ཨམ་སྲུ་༣ གྱིས་ ཁས་བླངས་ཐོག་ལས་ སློབ་རིམ་ཆུང་བའི་ སློབ་ཕྲུག་ཚུ་ལུ་ དཔེ་ཆ་སྟོན་ནི་ལུ་ རྒྱབ་སྐྱོར་འབད་མི་དེ་གིས་ སློབ་གྲྭ་དང་ མི་སྡེ་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་པས།

སློབ་ཁང་ནང་ སློབ་དཔོན་ཚུ་གིས་ དཔེ་ཆ་སྟོན་པའི་སྐབས་ དམིགས་བསལ་སློབ་སྟོན་འབད་དགོ་མི་ སློབ་ཕྲུག་ཚུ་ལུ་ ཁས་བླངས་འབད་མི་ ཨམ་སྲུ་༣ གྱིས་ ཆ་རོགས་འབད་དེ་ དཔེ་ཆ་སྟོན་དོ་ཡོདཔ་ཨིན་པས།

ཁོང་༣ གྱི་གྲས་ལས་ སྐྱེས་ལོ་༣༢ ལང་མི་ སངས་རྒྱས་དཔལ་མོ་གིས་ བདུན་ཕྲག་རེ་ནང་ སློབ་ཚན་༡༥ རེ་ སློབ་སྟོན་འབད་དོ་ཡོདཔ་ད་ མོ་གིས་ སློབ་རིམ་དང་པ་དང་ སློབ་རིམ་༣ པའི་ སློབ་ཕྲུག་ཚུ་ལུ་ དཔེ་ཆ་སྟོན་དོ་ཡོདཔ་ཨིན་པས།

སངས་རྒྱས་དཔལ་མོ་གིས་ སྤྱི་ལོ་༢༠༠༥ ལུ་ སེམས་རྟོགས་ཁ་ སྐད་ཡིག་དང་ལམ་སྲོལ་རིག་གཞུང་མཐོ་རིམ་སློབ་གྲྭ་ལས་ སློབ་རིམ་༡༢ པ་ ལྷབ་ཚར་བའི་ཤུལ་ལུ་ ཚོང་ལཱ་འབད་དེ་སྡོད་ཡོདཔ་ད་ ད་རེས་ནངས་པར་ མོང་སྒར་ལུ་ རྨགཔ་དང་གཅིག་ཁར་ མོ་རའི་ཨ་ལོ་༡ ཡོད་མི་དེ་ བདག་འཛིན་འཐབ་སྟེ་ སྡོད་དོ་ཡོདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ ཁས་བླངས་སློབ་དཔོན་འབད་དགོ་མི་དེ་ཡང་ སློབ་ཕྲུག་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དང་ མོ་ར་ལུ་ ཡོན་ཏན་དང་ཉམས་མྱོང་ འཐོབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ སྐྱེས་ལོ་༣༠ ལང་མི་ བདེ་སྐྱིད་བཟང་མོ་གིས་ སློབ་རིམ་༡ པ་དང་ སློབ་རིམ་༣ པའི་ སློབ་ཕྲུག་ཚུ་ལུ་ རྩིས་དང་ ཨིང་ལིཤ་སྟོན་དོ་ཡོདཔ་ཨིན་པས།

མོ་གིས་ སྤྱི་ལོ་༢༠༠༥ ལུ་ སློབ་རིམ་༡༠ པ་ མཐར་འཁྱོལ་བའི་ཤུལ་ལས་ ཚོང་ལཱ་དང་ གནས་སྐབས་ཀྱི་ སྦྱོང་བརྡར་ཚུ་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ད་རེས་ སློབ་གྲྭ་དེ་ནང་ དམིགས་བསལ་ཤེས་ཡོན་དགོ་མི་ སློབ་ཕྲུག་ཚུ་གི་དོན་ལུ་ ལས་རིམ་བཟོ་ནིའི་ནང་ འཐུས་མི་སྦེ་ འཛུལ་ཡོདཔ་ཨིན་པས།

བདེ་སྐྱིད་བཟང་མོ་གིས་ སླབ་མིའི་ནང་ སློབ་དཔོན་༡ གིས་ སློབ་ཕྲུག་མང་རབས་ཅིག་ལུ་ དཔེ་ཆ་སྟོན་པའི་སྐབས་ སློབ་དཔོན་དང་ སློབ་ཕྲུག་ཚུ་ལུ་ གདོང་ལེན་བྱུང་ནི་དེ་གིས་ ལྷན་ཐབས་འབདཝ་ཟེར་ཨིན་པས།

དེ་དང་འདྲཝ་སྦེ་ སློབ་རིམ་༡༠ པ་ མཐར་འཁྱོལ་བའི་ཤུལ་ལས་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་སྦེ་སྡོད་མི་ གསུང་ཆོས་ལྷ་མོ་གིས་ སླབ་མིའི་ནང་ མོ་ར་ ལཱ་གཡོག་མེད་ནི་དེ་གིས་ དུས་ཚོད་འཕྲོ་བརླག་བཏངམ་ལས་ སློབ་ཕྲུག་ཚུ་ལུ་ ཕན་ཐོགས་ཡོད་པ་ཅིན་ཟེར་མནོ་སྟེ་ བཅའ་མར་གཏོགས་དོ་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ཧེ་མ་ དཔེ་ཆ་ལྷབ་མི་ཚུ་ ལོག་བལྟ་ནིའི་གོ་སྐབས་ཐོབ་མ་ཚད་ རིག་རྩལ་གོང་འཕེལ་གཏང་ནིའི་ནང་ ཁེ་ཕན་ལེ་ཤ་འདུག་ཟེར་ སླབ་ཨིན་པས།

མོང་སྒར་འབྲིང་རིམ་སློབ་གྲྭ་ནང་ བློ་གསར་སློབ་རིམ་ལས་ སློབ་རིམ་༨ པ་ཚུན་ཡོདཔ་བཞིན་དུ་ དམིགས་བསལ་ཤེས་ཡོན་དགོ་མི་སློབ་ཕྲུག་བུམོ་༢༠ དང་ བུཚ་༢༧ ཡོདཔ་ཨིན་པས།

རྫོང་ཁ་སློབ་དཔོན་ དབང་འདུས་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་ཕྲུག་མང་རབས་ཅིག་ལུ་ སྤྱིར་བཏང་སྦེ་ དཔེ་ཆ་སྟོན་པའི་སྐབས་ འདྲན་འདྲ་སྦེ་ ཤེས་མ་ཚུགས་མི་ སློབ་ཕྲུག་ཚུ་ལུ་ དུས་ཐེབས་བཏོན་ཏེ་ དཔེ་ཆ་སྟོན་ནིའི་ གོ་སྐབས་ཐོབ་མི་ཚུགས་པས་ཟེར་ཨིན་པས།

ཨིན་རུང་ ད་རེས་ ཁས་བླངས་པ་ཨམ་སྲུ་༣ གྱིས་ དམིགས་བསལ་ཤེས་ཡོན་དགོ་མི་ སློབ་ཕྲུག་ཚུ་ལུ་ རྒྱབ་སྐྱོར་འབད་དེ་ སློབ་ཕྲུག་གཞན་ཚུ་དང་ འདྲན་འདྲ་སྦེ་ར་ ལྕོགས་གྲུབ་གོང་འཕེལ་བཏང་དོ་ཟེར་ཨིན་པས།

དམིགས་བསལ་ཤེས་ཡོན་ལས་རིམ་ འགོ་འདྲེན་འཐབ་མིའི་ལས་རོགསཔ་ སློབ་དཔོན་ཡེ་ཤེས་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༩ ལས་ ལས་རིམ་གཞི་བཙུགས་འབད་ཡོད་རུང་ དུས་ཅི་མ་གཏོགས་ ཁས་བླངས་ཀྱི་ཐོག་ལས་ ལཱ་འབད་མི་ ཨ་ལོའི་ཕམ་ ག་ཡང་མ་འཐོན་ཟེར་ཨིན་པས།

ཨིན་རུང་ དུས་ཅི་ ཨམ་སྲུ་༣ ཀྱིས་ ཁས་བླངས་ཐོག་ལས་ ཁོང་རའི་ཨ་ལོ་ཚུ་ བདག་འཛིན་འཐབ་སྟེ་ དཔེ་ཆ་སྟོན་ནི་དང་ འབྲི་བཅུག་ནི་ ལྷག་བཅུག་ནི་ དེ་ལས་ གསང་སྤྱོད་ནང་ སྐྱེལ་ནི་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ལས་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིན་པས།

ལས་རིམ་འགོ་འདྲེན་འཐབ་མི་ཚུ་ལུ་ གདོང་ལེན་སྦོམ་ཤོས་ར་ ད་ལྟོ་ཚུན་ དམིགས་བསལ་ཤེས་ཡོན་ལས་རིམ་ དགོཔ་ཁག་ཆེ་རུང་ ཤེས་རིག་ལྷན་ཁག་གིས་ ཆ་འཇོག་གྲུབ་མ་ཚུགས་པར་ཡོདཔ་ལས་ དམིགས་བསལ་ཤེས་ཡོན་ལས་རིམ་ནང་ བཀོད་དོ་བཟུམ་སྦེ་ འགོ་འདྲེན་འཐབ་མ་ཚུགས་པར་ ཡོད་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ དམིགས་བསལ་ཤེས་ཡོན་དོན་ལུ་ སློབ་དཔོན་ཚུ་ལུ་ སྦྱོང་བརྡར་བྱིན་དགོཔ་ཁག་ཆེ་རུང་ གཞུང་ལས་ མ་དངུལ་མེད་པའི་ཁར་ ཁྱད་རིག་དང་ལྡན་པའི་ སློབ་སྟོན་པ་མེདཔ་ལས་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།

སློབ་གྲྭའི་དབུ་འཛིན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ དམིགས་བསལ་ཤེས་ཡོན་ལས་རིམ་ནང་ ཕམ་དང་ ལཱ་གཡོག་མེད་པར་སྡོད་མི་ ཤེས་ཡོན་ཅན་ཚུ་གིས་ ཁས་བླངས་ཐོག་ལས་ ཆ་རོགས་འབད་ཚུགས་པ་ཅིན་ སློབ་ཕྲུག་ཚུ་ལུ་ ལྷག་པར་དུ་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *