༉ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་ཐོབ་དབང་གི་མཐུན་གྲོས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་དེ་ ད་རེས་འབདཝ་ད་ ལོ་ངོ་༢༨ ལྷགཔ་ཅིག་ ལང་ཡོདཔ་ཨིན།
འབྲུག་གིས་ དེ་བསྒང་ མཐུན་གྲོས་ལུ་ མཚན་རྟགས་བཀོདཔ་དང་འབྲེལ་ རྒྱལ་ཁབ་ནང་གི་ ཨ་ལོ་ཆ་མཉམ་ལུ་ གཅེས་སྐྱོང་དང་ བརྩེ་བ་ བརྩི་མཐོང་གང་དྲག་བསྐྱེད་དེ་ གཟུགས་སྟོབས་སྦོམ་བཅུག་ཐོག་ལས་ མཐུན་གྲོས་ནང་ གསལ་བཀོད་འབད་དེ་ཡོད་མི་ ཐོབ་དབང་ཆ་མཉམ་ ཐོབ་ཚུགསཔ་བཟོ་ནི་གི་ རྒྱབ་སྣོན་ཁས་བླངས་འབད་ཡོདཔ་ཨིན་མས།
ད་རུང་ ང་བཅས་རའི་ ཨ་ལོ་ཚུ་ལུ་ གཟུགས་ཁམས་སྒྲིང་སྒྲི་དང་ འཕྲོད་བསྟེན་དང་ལྡནམ་ དེ་ལས་ ཤེས་ཡོན་ཅན་དང་ ཉེན་སྲུང་ཅན་གྱི་ གནས་སྟངས་ནང་ ཉེ་རིང་མེད་པར་ གཅེས་སྐྱོང་དང་ སྦོམ་ནི་གི་ ཉེན་སྲུང་ཐོབ་ཚུགསཔ་ བཟོ་ཐབས་ལུ་དམིགས་ཏེ་ རྒྱལ་གཞུང་གིས་ སྤྱི་ལོ་༢༠༠༤ ལུ་ ཨ་ལོའི་ཐོབ་དབང་ ཡར་དྲག་གཏང་ནི་དང་འབྲེལ་བའི་ ལས་སྣ་འགོ་འདྲེན་འཐབ་ནིའི་དོན་ལུ་ རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལོའི་ལྷན་ཚོགས་གཞི་བཙུགས་འབད་ནུག།
འདི་འབདཝ་ད་ ང་བཅས་ཀྱིས་ ཨ་ལོ་དང་ ཨམ་སྲུ་ཚུ་ འཛམ་གླིང་རྒྱལ་སྤྱིའི་ མཐུན་གྲོས་དང་ དཔྱད་གཞིའི་དགོངས་དོན་ཚུ་དང་འཁྲིལ་ ཉེན་སྐྱོབ་འབད་ཚུགས་ཏེ་ཡོདཔ་ཨིན་ན? ཁོང་ལུ་ ཐོབ་དབང་དང་ སྲུང་སྐྱོབ་ འཚོ་སྐྱོང་ཡར་དྲག་ དེ་ལས་ ཤེས་ཡོན་ལྷབ་སྦྱང་འབད་ནིའི་ནང་ ག་དེམ་ཅིག་ ལྷན་ཐབས་འབད་དེ་ཡོདཔ་ཨིན་ན? ཡང་ཅིན་ ང་བཅས་ཀྱིས་ ཨ་ལོ་ཚུ་ལུ་ བརྩི་མཐོང་བསྐྱེད་དོ་ཡོདཔ་ཨིན་ན?
སྤྱི་ཟླ་༡༡ པའི་ཚེས་༢༥ ལུ་ ཐིམ་ཕུག་ལུ་ ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་ཀྱི་རིགས་ རྩ་མེད་གཏང་ནིའི་ཉིནམ་ བརྩི་སྲུང་འབདཝ་ད་ ཨམ་སྲུ་ལྕོགས་གྲུབ་དང་ ཆ་བཞག་ཡར་སྐྱེད་ལས་སྡེ་གིས་ སྙན་ཞུ་གསར་བཏོན་འབད་མི་དང་འཁྲིལཝ་ད་ དུས་ཅིའི་ལོ་ནང་ འབྲུག་ལུ་ བདུན་ཕྲག་རེ་ནང་ ཨ་ལོ་རེ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་མི་ལུ་ བལྟ་བ་ཅིན་ ཨ་ལོའི་གནས་སྟངས་ ཡར་དྲག་མེན་པར་ སྐྱོ་དྲགས་འགྱོ་བའི་ གསལ་སྟོན་འབདཝ་མས།
དེ་ཡང་ ཨམ་སྲུ་ལྕོགས་གྲུབ་དང་ ཆ་བཞག་ཡར་སྐྱེད་ལས་སྡེ་དང་ བརྡ་བརྒྱུད་ནང་ འདོད་སྤྱོད་དང་འབྲེལ་བའི་ ཨ་ལོ་༣༠ ལྷགཔ་ཅིག་ལུ་ སྙན་ཞུ་ལྷོད་ཡོད་མི་ལས་ བདུན་ཕྲག་ཅིག་ནང་ ཨ་ལོ་རེ་ལུ་ ལོག་སྤྱོད་འབད་མི་དང་ ད་རིས་ཀྱི་ ཟླཝ་ཚུན་ཚོད་ སྙན་ཞུ་༣༥ ལྷོད་མི་དེ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིན་མས།
ཨ་ལོ་ཚུ་ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་ རྩོད་དོན་༣༥ ཐོ་བཀོད་འབད་ཡོད་མི་ལས་ དགེ་ལེགས་ཕུག་རྐྱངམ་གཅིག་ལས་ར་ སྙན་ཞུ་༡༧ ལྷོད་ནུག།
ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ ཨ་ལོ་ཅིག་ལུ་ འདོད་སྤྱོད་དང་འབྲེལ་བའི་ རྩུབ་སྤྱོད་དང་ གནོད་འཚེའི་ཉམས་སྣང་ངན་པ་ཐོབ་མི་དེ་ དམག་འཁྲུག་ལང་ཡོད་མི་ ས་གོ་ནང་སྡོད་མི་ ཨ་ལོ་ཚུ་ལུ་ དཀའ་སྡུག་དང་ སེམས་སྡུག་བྱུང་མི་དང་ དབྱེ་བ་ག་ནི་ཡང་མེད་པའི་ མངོན་གསལ་བྱུང་ནུག།
དེ་མ་ཚད་ སྤྱི་ལོ་༢༠༡༢ ལུ་ ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་འབད་བའི་ བརྟག་ཞིབ་ཅིག་འབདཝ་ད་ གཉེན་རྐྱབ་མི་ ཨམ་སྲུ་གསུམ་ཆ་༡ ལུ་ ཁོང་གི་མི་ཚེ་ནང་ གཉེན་གྲོགས་ལས་ རྩུབ་སྤྱོད་དང་ གནོད་འཚེ་བྱུང་པའི་ ཉམས་སྣང་ཐོབ་ཡོད་མི་ལས་ ཁྲོམ་སྡེ་དང་ཕྱདཔ་ད་ མང་ཤོས་ར་ གྲོང་གསེབ་ནང་སྡོད་མི་ ཨམ་སྲུ་ཚུ་ ཉམས་རྒུདཔ་ཨིན་པའི་ ཤེས་རྟོགས་བྱུང་ནུག།
འདོད་སྤྱོད་དང་འབྲེལ་བའི་ ཉམས་རྒུདཔ་བྱུང་མི་ཚུ་ཡང་ བུམོ་དང་ཨམ་སྲུ་སྐྱེས་ལོ་༡༥ ལས་༡༩ འི་བར་ན་ ལང་མི་ཚུ་ཨིནམ་ད་ བཀྲ་མ་ཤིསཔ་འབད་མི་ཚུ་ཡང་ ཨ་ལོའི་ཨ་པ་དང་ ཨ་ཁུ་ ཉེ་ཚན་ སློབ་གྲྭའི་སློབ་དཔོན་དང་ དམག་མི་ཚུ་ཨིནམ་བཞིན་དུ་ དེ་གིས་ ཨ་ལོ་དང་ ཨམ་སྲུ་ཚུ་གི་ ཐོབ་དབང་ལུ་ གུས་ཞབས་དང་ བརྩི་མཐོང་མེད་པའི་ བརྡ་མཚོན་སྟོནམ་མས།
ད་རེས་ ཨམ་སྲུ་དང་ ཨ་ལོ་ཚུ་ལུ་ རྩུབ་སྤྱོད་དང་ གནོད་འཚེའི་རིགས་ རྩ་མེད་གཏང་ནིའི་དོན་ལུ་ འབྲུག་ལུ་མོ་བཏབ་ལས་འགུལ་ཅིག་ འགོ་བཙུགས་མི་དེ་ དུས་ཐོག་ལུ་ཨིན་མི་དེ་ཡང་ ལས་འགུལ་དེ་ནང་ གཅེས་སྐྱོང་འཐབ་མི་དང་ བཟའ་ཚང་འཐུས་མི་ སློབ་དཔོན་དང་ སྨན་བཅོས་ཀྱི་ ཞབས་ཏོག་མཁོ་སྤྲོད་འབད་མི་ དེ་ལས་ ན་གཞོན་དང་ མི་སྡེའི་ཞབས་ཏོག་ཞུ་མི་ཚུ་ འབྲེལ་འཛིན་ཐོག་ ཨམ་སྲུ་དང་ ཨ་ལོ་ཚུ་ལུ་ རྩུབ་སྤྱོད་དང་ ལོག་སྤྱོད་ཚུ་ སྔོན་འགོག་འབད་དེ་ བཟའ་ཚང་ཉེན་སྲུང་དང་ལྡནམ་སྦེ་ དགའ་ཏོག་ཏོ་སྦེ་ སྐྱོང་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།
ཨིན་རུང་ ང་བཅས་ཀྱིས་ ཨ་ལོ་དང་ ཨམ་སྲུའི་ཐོབ་དབང་ལུ་ བརྩི་མཐོང་བསྐྱེད་དེ་ མཉམ་རུབ་ཐོག་ལས་ འགན་འཁྲི་འབག་སྟེ་ བརྩོན་ཤུགས་མ་བསྐྱེད་པ་ཅིན་ ལས་འགུལ་དེ་ མཐར་འཁྱོལ་མི་ཚུགས།
Check Also
འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།
༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …