གཟུགས་ཀྱི་ནང་ཁོང་བརྟག་དཔྱད་འབད་མི་ ཐི་རི་ཌི་འཕྲུལ་ཆས།

ཨ་ལོ་སྐྱེ་ནི་ཡོད་མི་ཨའི་དང་ མངལ་གནས་ཨ་ལོའི་མཁས་མཆོག་༤ དེ་ཅིག་ དགོས་མཁོ་ཡོདཔ།

༉ རྒྱལ་ཁབ་ནང་ ཨ་ལོ་སྐྱེ་ནི་ཡོད་མི་ཨའི་དང་ མངལ་གནས་ཨ་ལོའི་མཁས་མཆོག་༤ དེ་ཅིག་ དགོས་མཁོ་ཡོད་མི་དེ་ཡང་ ཐིམ་ཕུག་ལུ་༢ དང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་༢ ནང་ རེ་རེ་དགོཔ་སྦེ་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཨ་ལོ་སྐྱེ་ནི་ཡོད་མི་ཨའི་དང་ མངལ་གནས་ཨ་ལོའི་མཁས་མཆོག་ཚུ་གིས་ དམིགས་བསལ་གྱི་ སྦྱོང་བརྡར་འབད་ཞིནམ་ལས་ ཨ་ལོ་ཆགས་ཏེ་ཡོད་པའི་ཨའི་དང་ མངལ་ནང་ཡོད་མི་ཨ་ལོ་གཉིས་ལུ་ ཉེན་ཁ་ཡོད་པའི་སྐབས་ བརྟག་དཔྱད་འབད་ཞིནམ་ལས་ སྨན་བཅོས་འབད་ནིའི་དོན་ལུ་ཨིན་པས།
ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་སྡེ་འཛིན་ ཌོག་ཊར་མགོ་གསར་སྤེན་པ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཨ་ལོ་སྐྱེ་ནི་ཡོད་མི་ཨའི་དང་ མངལ་གནས་ཨ་ལོ་ལུ་ དཀའ་ངལ་ཚུ་འབྱུང་པ་ཅིན་ སྨན་བཅོས་འབད་ཚུགས་མི་མཁས་མཆོག་ ཌོག་ཊར་ཕུརཔ་རྡོ་རྗེ་རྐྱངམ་གཅིག་ ཨིན་ཟེར་ཨིན་པས།
མ་གཞི་ སྨན་ཁང་གི་ཁ་ཐུག་ལས་ མོ་ནད་མཁས་མཆོག་ ཨ་ལོ་སྐྱེ་ནི་ཡོད་མི་ཨའི་དང་ མངལ་གནས་ཨ་ལོ་ཚུ་ལུ་ ན་ཚའི་དཀའ་ངལ་རེ་འཐོན་པ་ཅིན་ དེ་གི་དོན་ལུ་ མཁས་མཆོག་གི་སྦྱོང་བརྡར་ནང་ གཏང་ནིའི་འཆར་གཞི་ཡོད་རུང་ མི་སྟོབས་མ་ལང་པའི་དཀའ་ངལ་ཐོན་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མཁས་མཆོག་གི་ སྦྱོང་བརྡར་དོན་ལུ་ མོ་གནས་མཁས་མཆོག་ཚུ་ གཏང་ནི་མ་གཏོགས་ སྤྱིར་བཏང་གི་ ཌོག་ཊར་ཚུ་ གཏང་ཐབས་མིན་འདུག་ཟེར་ཨིན་པས།
མོ་གནས་མཁས་མཆོག་དེ་གིས་ མོ་ནད་མཁས་མཆོག་གི་ སྦྱོང་བརྡར་མཇུག་བསྡུ་བའི་ཤུལ་ལས་ ཨ་ལོ་སྐྱེ་ནི་ཡོད་མི་ཨའི་དང་ མངལ་གནས་ཨ་ལོ་སྨན་བཅོས་ཀྱི་ མཁས་མཆོག་འབད་ནིའི་དོན་ལུ་ ཁ་སྐོང་སྦྱོང་བརྡར་ལོ་༢ དང་༣ གི་བར་ན་འབད་དགོཔ་ཨིན་པས།
སྨན་ཁང་གི་ ལོ་བསྟར་སྙན་ཞུ་༢༠༡༧ ནང་ བཀོད་མི་དང་འཁྲིལཝ་ད་ སྨན་ཁང་ནང་ སྐྱེ་འཕེལ་ལྡན་པའི་སྨན་བཅོས་དང་ ཨ་ལོ་སྐྱེ་ནི་ཡོད་མི་ཨའི་དང་ མངལ་གནས་ཨ་ལོ་སྨན་བཅོས་མཁས་མཆོག་དགོཔ་སྦེ་ཡོདཔ་ད་ དེ་ཡང་ ད་ལྟོ་ཡོད་མི་ མཁས་མཆོག་ཚུ་ འགྱོ་བའི་བསྒང་ལས་ ཁོང་གི་ཚབ་སྦེ་ དགོ་ནིའི་དོན་ལུ་ཨིན་པས།
ཌོག་ཊར་མགོ་གསར་སྤེན་པ་གིས་འབད་བ་ཅིན་ ད་ལྟོ་ ཌོག་ཊར་ཕུརཔ་རྡོ་རྗེ་ཁོ་ར་ སྨན་ཁང་ནང་ ཨ་ལོ་སྐྱེ་ནི་ཡོད་མི་ཨའི་དང་ མངལ་གནས་ཨ་ལོའི་ སྨན་བཅོས་ཞབས་ཏོག་ཚུ་ རྒྱལ་ཡོངས་སྨན་ཁང་ནང་ ཁས་བླངས་ཐོག་ལས་ འབད་དོ་ཟེར་ཨིན་པས།
ཁོ་གིས་ གསོ་བའི་ལས་སྡེ་ནང་ ལཱ་འབད་དེ་ ལོ་ངོ་བཅུ་ཕྲག་༢ དེ་ཅིག་ ལང་ནི་འབདཝ་ད་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ད་ལྟོ་ ཌོག་ཊར་ཕུརཔ་གིས་ ཨ་ལོ་སྐྱེ་ནི་ཡོད་མི་ཨའི་དང་ མངལ་གནས་ཡོད་མི་ཨ་ལོ་ཚུ་ལུ་ ན་ཚ་རེ་འབྱུང་པ་ཅིན་ གཟུགས་གི་ནང་ཁོང་བརྟག་དཔྱད་ཀྱི་ ཞབས་ཏོག་ཚུ་ བྱིན་དོ་ཡོདཔ་ཨིན་པས།
ཞབས་ཏོག་དེ་ ཨ་ལོ་སྐྱེ་ནི་ཡོད་མི་ ཨའི་ག་ར་ལུ་མེན་པར་ ཨ་ལོ་ཆགས་པའི་ཤུལ་ལུ་ དཀའ་ངལ་ཡོད་མི་ཨའི་ཚུ་དང་ ཕོཝ་ནང་ ཨ་ལོ་ལུ་ ན་ཚ་བྱུང་མི་ཚུ་གི་དོན་ལུ་ ཨིན་པས།
ཨ་ལོ་སྐྱེ་ནི་ཡོད་མི་ཨའི་དང་ མངལ་གནས་ཨ་ལོ་ལུ་ དཀའ་ངལ་ཡོད་མི་ཚུ་གི་དོན་ལུ་ ཐི་རི་ཌི་ཟེར་མི་ གཟུགས་ཀྱི་ནང་ཁོང་བརྟག་དཔྱད་འབད་དེ་ཡོདཔ་ད་ འཕྲུལ་ཆས་དེ་ གཞན་མི་ནང་ཁོང་བརྟག་དང་ཕྱདཔ་ད་ གསལ་ཏོག་ཏོ་ཡོདཔ་ཨིན་པས།
འཕྲུལ་ཆས་དེ་ ལག་ལེན་འཐབ་ནིའི་དོན་ལུ་ དམིགས་བསལ་གྱི་ སྦྱོང་བརྡར་འབད་དགོཔ་ལས་ ཌོག་ཊཪ་མགོ་གསར་སྤེན་པ་གིས་འབད་བ་ཅིན་ སྦྱོང་བརྡར་མེད་པ་ཅིན་ འཕྲུལ་ཆས་དེ་ ལག་ལེན་འཐབ་མི་ཚུགས་ཟེར་ཨིན་པས།
ཌོག་ཊར་ཕུརཔ་རྡོ་རྗེ་གིས་འབད་བ་ཅིན་ ཁོ་གིས་སྤྱི་ལོ་༢༠༠༤ ལས་ འགོ་བཙུགས་ཏེ་ ད་ལྟོ་ཚུན་ཚོད་ཀྱི་རིང་ ཨ་ལོ་སྐྱེ་ནི་ཡོད་མི་ཨའི་ལུ་ ན་ཚ་བྱུང་མི་དང་ མངལ་ནང་ཨ་ལོ་ན་ཚ་བྱུང་མི་ཚུ་ བརྟག་དཔྱད་དང་སྨན་བཅོས་ཚུ་ འབདཝ་ཨིན་ཟེར་ཨིན་པས།
ཁོ་གིས་ སྦྱོང་བརྡར་མཇུག་བསྡུ་བའི་ཤུལ་ལུ་ ཐི་རི་ཌི་གི་ནང་ཁོང་བརྟག་དཔྱད་འཕྲུལ་ཆས་དེ་ ལག་ལེན་འཐབ་ནི་འགོ་བཙུགས་ཡོདཔ་ད་ དེ་ཡང་ མེ་གེ་བཟའ་ཚང་ཟེར་མི་དེ་གིས་ ཡུ་ཨེསི་ཌོ་ལར་༣༥༠,༠༠༠ བྱིན་ཐོག་ལས་ འཕྲུལ་ཆས་མཁོ་སྒྲུབ་འབད་བ་གིས་མ་ཚད་ མི་སྟོབས་ཀྱི་སྦྱོང་བརྡར་ཚུ་ཡང་ བྱིན་ཡོདཔ་སྦེ་ཨིན་པས།
ནང་ཁོང་བརྟག་དཔྱད་འཕྲུལ་ཆས་ཚུ་ ལོ་༥ དེ་ཅིག་ལས་ ལག་ལེན་འཐབ་མི་བཏུབ་དོ་ཡོདཔ་ལས་ སྤྱི་ལོ་༢༠༡༠ ལུ་ འབྲུག་གཞུང་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ད་ལྟོ་ཡོད་མི་ འཕྲུལ་ཆས་དེ་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།
ཌོག་ཊར་ཕུརཔ་གིས་ ཐིམ་ཕུག་སྨན་ཁང་ནང་འོང་མི་ ནདཔ་རྐྱངམ་གཅིག་མེན་པར་ རྫོང་ཁག་གཞན་ཚུ་ལས་ དཀའ་ངལ་ཐོན་ཏེ་འོང་མི་ ནདཔ་ཚུ་ཡང་ བརྟག་དཔྱད་འབད་དོ་ཡོདཔ་ཨིན་པས།
ཐིམ་ཕུག་གི་ནདཔ་ཚུ་ འགྲུལ་འཕྲིན་ཐོག་ལས་ ཌོག་ཊར་དང་འཕྱད་ནིའི་ ལས་རིམ་བཟོ་ཞིནམ་ལས་རྐྱངམ་གཅིག་ ཁོང་རང་ལུ་ བྱིན་ཡོད་མི་ དུས་ཚོད་ཁར་ བརྟག་དཔྱད་ཀྱི་དོན་ལུ་ འོང་དགོཔ་ཨིན་པས།
ཌོག་ཊར་ཁོ་ར་ དགོངས་ཞུ་མ་འབད་བའི་ཧེ་མར་ ཉིནམ་རེ་ལུ་ ནདཔ་༢༠ དེ་རེ་ བརྟག་དཔྱད་འབད་དོ་ཡོདཔ་ཨིན་པས།
ཨ་ལོ་སྐྱེ་ནི་ཡོད་མི་ཨའི་ཚུ་ལུ་ དཀའ་ངལ་འབྱུང་པ་ཅིན་ ཨ་ལོ་མ་སྐྱེ་ཚུན་ཚོད་ བརྟག་དཔྱད་འབད་དེ་ར་ སྡོད་དགོཔ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *