ཨ་ལོ་རྨས་སྐྱེས་ཀྱི་ གནས་སྟངས་ལེགས་ཤོམ་ཡོདཔ།

༉ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ལྟག་ལུ་ ས་དང་རྡོ་ བྱེམ་སྤུངས་བཞག་སའི་ནང་ ཨ་ལོ་རྨས་སྐྱེས་༡ བཀོག་བཞག་མི་དེ་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ གནས་སྟངས་ལེགས་ཤོམ་ཐོག་ལུ་འདུག།

ཞག་༤ ལང་མི་ རྨས་སྐྱེས་བུམོ་དེ་ ཨ་ལོ་སྐྱེ་རྒྱུན་ལྟེ་བའི་ནང་ སྨན་པ་ཚུ་གིས་ སྨན་བཅོས་དང་ གཅེས་སྐྱོང་འབད་མི་ལུ་བརྟེན་ ཉིན་བསྟར་བཞིན་དུ་ སྦོམ་ཐལ་དོ་ཡོདཔ་ཨིན་པས།
རྨས་སྐྱེས་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༢༢ ཀྱི་དྲོ་པར་ ལམ་དེ་ཁ་ལས་འགྱོ་མི་ མི་གནགཔོ་བཟའ་ཚང་ཅིག་གིས་ འཁོར་ལམ་རྙིངམ་གི་འོག་ལུ་ ས་དང་རྡོ་སྤུངས་བཞག་ས་ལས་ རོ་ཁྱི་ཕྱུག་གུའི་ སྐད་བཟུམ་ཅིག་གོ་སྟེ་ བལྟ་བར་འགྱོཝ་ད་ ཨ་ལོ་རྨས་སྐྱེས་མཐོང་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཐོག་ལས་ གཙོ་བསྟེན་སྨན་ཁང་གི་ གློ་བུར་སྨན་བཅོས་སྡེ་ཕྲན་ནང་ བསྐྱལ་ཡོདཔ་ཨིན་པས།
ཨ་ལོ་སྐྱེ་རྒྱུན་སྡེ་ཚན་ལས་ སྨན་གཡོགམོ་ ཀུན་བཟང་དབང་མོ་གིས་ སླབ་མིའི་ནང་ གློ་བུར་སྡེ་ཚན་ནང་ ཌོག་ཊར་གྱིས་ ལྗིད་ཚད་ཀེ་ཇི་༢.༥ འབད་མི་ རྨས་སྐྱེས་དེ་ བརྟག་དཔྱད་འབདཝ་ད་ གནས་སྟངས་ལེགས་ཤོམ་ཡོདཔ་ལས་ སྨན་བཅོས་དང་ བདག་འཛིན་འཐབ་ནིའི་དོན་ལུ་ ཨ་ལོ་སྐྱེ་རྒྱུན་ནང་ བཞག་ཅི་ཟེར་ཨིན་པས།
ཨ་ལུ་རྨས་སྐྱེས་མཐོང་མི་ ཉི་མ་རྒྱལ་པོ་གིས་ སླབ་མིའི་ནང་ ཨ་ལུ་དེ་ རང་གིས་མཐོང་སྟེ་འབད་རུང་ མཉམ་དུ་བཞག་སྟེ་ བདག་འཛིན་འབད་ནིའི་རང་དབང་མིན་འདུག་ཟེར་ཨིན་པས།
སྨན་ཁང་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྨས་སྐྱེས་དེ་ བུ་ཚབ་སྦེ་ ལེན་ནི་གི་ སྤྲོ་བ་བསྐྱེད་མི་ ཐིམ་ཕུག་དང་ ས་གནས་གཞན་ལས་ མི་ཚུ་ལས་ བརྒྱུད་འཕྲིན་ལྷོད་ཡོདཔ་མ་ཚད་ ལ་ལོ་ཅིག་གིས་ ཨ་ལོ་བལྟ་བར་ སྨན་ཁང་ནང་ འོང་ནི་འདུག་ཟེར་ཨིན་པས།
སྐྱིད་བདེ་མཁར་ལས་ སྐྱེས་ལོ་༣༡ ལང་མི་ ཉི་མ་རྒྱལ་པོ་དང་ ཁོ་གི་ གནས་ཚང་གིས་ སླབ་མིའི་ནང་ རྨས་སྐྱེས་དེ་ གོ་ལ་ར་སྡུག་ཅིག་གིས་དཀྱི་སྟེ་ ས་དང་བྱེམ་གྱི་ཐོག་ཁར་ བཀལ་བཞག་ཡོདཔ་ལས་ སྔུ་སྡོད་ནུག་ཟེར་ཨིནམ་ད་ ཁོང་༢ ཀྱིས་ དེ་འཕྲོ་ལས་ འཐུ་ཞིནམ་ལས་ སྤུན་ཆ་ཅིག་གི་ཁྱིམ་ནང་ འབག་སོང་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ བཤདཔ་ཨིན་པས།
ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཨ་ལོའི་ཨའི་ ག་ཨིན་ན་ འཚོལ་ཞིབ་འབད་བའི་བསྒང་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *