ཨ་ལོ་དང་ བཟའ་ཚང་གི་ རྩོད་དོན་ཚུ་ གང་མགྱོགས་མཇུག་བསྡུ་ཚུགས་པའི་ ཁེ་ཕན།

༉ ཁ་ཙ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་དང་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་ཀྱི་སློབ་སྡེ་ དེ་ལས་ འབྲུག་གི་རྒྱབ་མི་ཚོགས་སྡེའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ ཐིམ་ཕུག་རྫོང་ཁག་ ཁྲིམས་ཀྱི་འདུན་སར་ བཟའ་ཚང་དང་ ཨ་ལོའི་ཁྲིམས་ཁྲི་ལག་ལེན་གྱི་དོན་ལུ་ སྒོ་འབྱེད་མཛད་གནང་ཡི།
མ་གཞི་ ཁྲིམས་ཁྲི་དེ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱི་ དམིགས་བསལ་ཁྲིམས་ཁྲི་གཞན་ཚུ་དང་གཅིག་ཁར་ སྤྱི་ལོ་༢༠༡༦ ཟླ་༡༡ པ་ལས་ར་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ གཞུང་འབྲེལ་ཐོག་གི་ སྒོ་འབྱེད་དེ་ ཁ་ཙ་རྐྱངམ་གཅིག་གནང་ནུག།
ཁྲིམས་ཁྲི་དེ་ འབྲུག་གི་ཨ་ལོའི་གཅེས་སྐྱོང་དང་ ཉེན་སྐྱོབ་བཅའ་ཁྲིམས་༢༠༡༡ ཅན་མའི་ནང་ འཁོད་དེ་ཡོད་པའི་ ཨ་ལོའི་ཐོབ་དབང་དང་ ཉེན་སྲུང་ཚུ་ བྱིན་ནི་དང་ དོན་སྨིན་ཅན་ཅིག་ལུ་ འགྱུར་ཚུགསཔ་སྦེ་ བཟོ་ཐབས་ལུ་དམིགས་ཏེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
མངོན་མཐོ་ཁྲིམས་འདུན་གྱི་ རྩོད་འཛིན་ཡོངས་ཁྱབ་ ཚེ་རིང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཟའ་ཚང་དང་ ཨ་ལོའི་ཁྲིམས་ཁྲི་དེ་ ཧེ་མ་ལས་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ ད་རེས་ སྒོ་འབྱེད་གནང་མི་དེ་ ལག་ལེན་གྱི་དོན་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཧེ་མར་ དམིགས་བསལ་གྱི་ ཁྲིམས་ཁྲི་ཚུ་ མེད་པའི་སྐབས་ རྩོད་གཞི་ཚུ་ སླ་བསྲེས་ཏེ་ འབད་དགོཔ་ལས་ ཨ་ལོའི་དབང་ཆ་དང་འཁྲིལ་ ལག་ལེན་འཐབ་མ་ཚུགས་ཟེར་ཨིན་པས།
ད་རེས་ ཁྲིམས་ཁྲི་དེ་ལུ་བརྟེན་ བཟའ་ཚང་དང་ ཨ་ལོ་དང་འབྲེལ་བའི་ རྩོད་གཞི་ཚུ་ ཡུན་འགྱངས་སྦེ་ མི་ལུས་ནི་དང་ དཀའ་སྡུག་ལ་སོགས་པ་ཚུ་ མེདཔ་བཟོ་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ རྩོད་འཛིན་ཡོངས་ཁྱབ་ཀྱིས་ བཤདཔ་ཨིན་པས།
དེ་ལས་ ཨ་ལོའི་བཅའ་ཁྲིམས་ནང་ གནད་དོན་ཁག་ཆེ་ཤོས་དེ་ ཨ་ལོའི་ཁྲིམས་ཁྲི་ གཞི་བཙུགས་འབད་ནི་དེ་ཨིནམ་ལས་ དུས་ཚོད་དང་འཁྲིལ་ དྲང་ཁྲིམས་ལྷན་སྡེ་གིས་ གཙུག་སྡེ་ལེགས་བསྒྱུར་གྱི་ཕྱག་ལཱ་ ཁག་ཆེ་ཏོག་ཏོ་ཚུ་ མཛད་ཡོད་པའི་གྲས་ལས་ མི་སེར་ཚུ་ལུ་ དྲང་ཁྲིམས་ཀྱི་ ཞབས་ཏོག་དེ་ ལེགས་ཤོམ་སྦེ་ ཕུལ་ཐབས་ལུ་ ཁྲིམས་ཁྲི་ལོགས་སུ་སྦེ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ཁྲིམས་ཁྲི་དེ་ནང་ ཨི་ཊ་ལིའི་ ཨ་ལོ་ཉེན་སྲུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ དེང་སང་གི་ ཅ་ཆས་ཚུ་བཙུགས་ཏེ་ ཨ་ལོ་ཚུ་དང་ མཐུན་ཏོག་ཏོ་སྦེ་ བཟོ་སྟེ་ཡོད་པའི་ཁར་ དེ་ནང་ རྩེད་ཁང་དང་ ངལ་འཚོ་ས་ལ་སོགས་པ་ཚུ་ཡང་ ཡོདཔཨིན་པས།
དེ་བཟུམ་སྦེ་ དུས་དང་བསྟུན་པའི་ བརྡ་དོན་གྱི་མཐུན་རྐྱེན་ སི་སི་ཊི་བི་པར་ཆས་ཀྱིས་ ཉམས་རྒུད་བྱུང་མི་ ཨ་ལོ་ཚུ་ལུ་ ཐད་ཀར་དུ་ ཉེས་འཛུགས་ཅན་དང་ ཕྱད་མ་དགོ་པར་ བརྡ་དོན་གྱི་ཐོག་ལས་ དཔང་པོ་སྙན་གསན་ འབད་ཚུགས་ནི་ཨིནམ་ལས་ ཉམས་རྒུད་ཚར་༢ དེ་རེ་ འབྱུང་ནི་ལས་ བཀག་ཚུགསཔ་མ་ཚད་ བསམ་འཆར་ཚུ་ཡང་ འཚེར་སྣང་མེད་པར་ གསལ་ཞུ་འབད་ནིའི་ གོ་སྐབས་འཐོབ་ཚུགས་ནི་ཨིནམ་ལས་ གཅེས་སྐྱོང་དང་ ཉེན་སྐྱོབ་ཐེབས་སྤྲོད་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ གནས་ཚུར་གསར་བཏོན་ནང་བཀོད་ནུག།
དུས་ཅི་ སྤྱི་ཟླ་༡ པ་ལས་ ད་ལྟོ་ཚུན་གྱི་བར་ན་ ཨ་ལོ་དང་འབྲེལ་བའི་ རྩོད་དོན་ཁག་༣༡ དེ་ཅིག་དང་ བཟའ་ཚང་གི་ རྩོད་དོན་ཁག་༢༣༠ ལྷགཔ་ཅིག་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ གནད་དོན་ལ་ལོ་ཅིག་ ཁྲིམས་འདུན་གྱིས་ སྙན་གསན་མཛད་དེ་ མཇུག་བསྡུ་གནང་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *